༢༠༡༣ ཟླ་ ༡ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་བཅས་བདུན་ཕྲག་གཉིས་ལྷག་ཙམ་རིང་རྒྱ་གར་གྱི་སྲིད་དོན་ཚོགས་པ་ཁག་ ༡༢ ཀྱི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་ཞུས་ཏེ། བོད་ནང་གི་རང་ལུས་མེར་སྲེག་གིས་མཚོན་ཛ་དྲག་གནས་སྟངས་སྐོར་ཞིབ་ཕྲ་གསལ་བཤད་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་མ་ཟད། འབྱུང་འགྱུར་རྒྱལ་ས་ལྡི་ལིར་བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་པའི་བོད་པའི་གདུང་སེམས་མཉམ་སྐྱེའི་ལས་འགུལ་སྤེལ་སྐབས་གྲོས་ཚོགས་འཐུས་མི་རྣམས་གདན་ཞུ་ཡང་གནང་ཡོད། སྐབས་དེར་རྒྱ་གར་དབུས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་རྒྱུ་དང་། ལྡི་ལིར་བཀའ་སྤྱི་གཉིས་ཀྱི་ལས་འགུལ་ཐོག་ཕེབས་རྒྱུའི་ཁས་ལེན་ཡང་གནང་ཡོད་པ་བཅས།།