༢༠༡༣ ཟླ་ ༡ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༩ ཉིན་བོད་ཨ་མདོ་ཀླུ་ཆུ་ཤིས་ཚང་དཔུང་སྐོར་སྡེ་བའི་རང་ལོ་ ༡༧ ཡིན་པའི་འཇིགས་བྱེད་སྐྱབས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གཏོང་འཆར་ཡོད་ཀྱང༌། སྔོན་ལ་དུག་འཐུང་ཡོད་པའི་དབང་གིས་མེར་སྲེག་མ་བཏང་གོང་ཀླུ་ཆུའི་ཤིས་ཚང་དཔུང་སྐོར་སྡེ་བའི་སྲང་ལམ་སྣེ་མོའི་མི་ཚོགས་འཛོམས་ས་ཞིག་ཏུ་འདས་གྲོངས་སུ་གྱུར་འདུག
སྐབས་དེར་ཁོང་གི་གཟུགས་པོར་ས་སྣུམ་གཤོས་ཡོད་པ་མ་ཟད་ལག་ཏུ་མེ་ཆ་གཉིས་ཉར་ཡོད་འདུག ས་གནས་མང་ཚོགས་ཀྱིས། འཇིགས་བྱེད་སྐྱབས་ལགས་ཀྱི་ལུས་ལ་ས་སྣུམ་གཤོས་ཡོད་པ་དང་ལག་ཏུ་མེ་ཆ་གཉིས་བཟུང་ཡོད་པས། ཁོང་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གཏོང་འཆར་ཡིན་ཡང༌། མེར་སྲེག་ན་ཟུག་བཟོད་བསྲན་དང་ཡང་ན་མགྱོགས་མྱུར་འདས་གྲོངས་འགྲོ་ཆེད་སྔོན་ལ་དུག་གང་རུང་ཞིག་འཐུང་ཡོད་པའི་དབང་གིས་མེ་མ་སྦར་གོང་ལ་དུག་གི་ནུས་པ་ཤུགས་ཆེན་ཐོན་ཏེ་གྲོངས་པ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་འདུག གནས་ཚུལ་དེ་བྱུང་མ་ཐག་ཁོང་གི་ནང་མི་ཚོས་ཞིབ་འཇུག་བྱས་སྐབས། འཇིགས་བྱེད་སྐྱབས་ལགས་ཀྱི་ཉལ་ཆས་འོག་ཏུ་ཡི་གེ་ཞིག་བཞག་ཡོད་པའི་ནང་དོན་མདོར་བསྡུས།
༼ང་རང་གི་རེ་བ་འགྲུབ་པའི་སྨོན་ལམ་འདེབས། ཨ་མའི་བུ་ཆུང་ཞིག་ཡིན་ན་ཡར་ལ་ལོངས།
ཁ་བའི་བུ་ཆུང་ཡར་ལ་ལོངས། ཁ་བའི་གླུ་བ་ཡར་ལ་ལོངས།
༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག གངས་སེང་དཀར་མོ་ལ་གུས་འདུད་ཞུ།༽
ཨ་ཕ་དང་ཨ་མ་ཁྱོད་ཚོས་ལུས་ཕུང་ལ་བདག་སྐྱོང་བྱེད་རྒྱུ་བུ་ཆུང་ངའི་རེ་བ་ཡིན། ཁྱེད་ཚོ་ནི་འཇིག་རྟེན་སྟེང་ཆེས་ཤ་ཚ་བའི་མི་ཡིན།
བདག་གིས་སྐྱེ་བ་ཕྱི་མར་དྲིན་ལན་འཇལ་རྒྱུ་ཡིན། ཨ་ཕ་ལགས་བུ་ཆུང་ང་ལ་རེ་བ་ཞིག་ཡོད།
ཁྱེད་ཀྱིས་ངའི་རེ་བ་འདི་དང་ལེན་བྱེད་རོགས། ངའི་ཆེས་བཟང་བའི་སློབ་གྲོགས། ཡི་དམ་སྐྱིད། ཚེ་དགའ། ལྷ་མོ་སྐྱབས། རོ་རེ། རྟ་མགྲིན་འཚོ། ཚེ་བརྟན། ལྷ་མོ་སྐྱབས། བསོད་ཚེ། ལྷ་མོ་འཚོ་སོགས་དང་། ད་དུང་ཆེས་བཟང་བའི་དགེ་རྒན་ལྷ་མོ་འཚོ་དང་དཔལ་སྒུར་སོགས་ལ་ཟ་མ་ཡག་པོ་ཞིག་ལྡུད་དགོས།
ངའི་ཆེས་བཟང་བའི་ཕུ་བོ། ཨ་ཕ་ལུས་ཕུང་བདག་སྐྱོང་བྱེད་དགོས། ཨ་ཆེ་དང་ཕུ་བོ། ནུ་བོ་ཁྱེད་ཕྱོགས་ཀྱི་འཚོ་བ་ནི་ཇེ་བཟང་ཡོང་བར་ངས་སེམས་གཏིང་ནས་སྨོན་ལམ་འདེབས། ང་རང་ཆེས་དད་པ་ཆེ་ས་ནི་ཉི་ཟླ་སྐར་གསུམ་ཡིན། ངའི་ས་མཐའི་ཨ་ཇོ་ང་ཡོང་གི་ཡོད། མིག་མཆི་མས་གང་བཞིན་ང་ཡོང་གི་ཡོད། བོད་ཁ་བའི་བདེ་སྡུག་ཞུ་རུ་ང་ཡོང་གི་ཡོད། མགོན་ཁྱེད་རང་དྲན་བཞིན་ང་ཡོང་གི་ཡོད། བོད་པ་ཚོ་ཡར་ལ་ལོངས། གངས་རིའི་བུ་ཆུང་ཡར་ལ་ལོངས། ཁ་བའི་གླུ་བ་ཡར་ལ་ལོངས། བོད་ཁ་བ་ཅན་ལ་བདེ་སྐྱིད་ཐོབ་པར་སྨོན་ལམ་འདེབས། ༢༠༡༢ ལོའི་ཟླ་ ༡༢ ཚེས་ ༨ ཉིན། ” ཞེས་བཀོད་འདུག
༼ ཡི་གེའི་ནང་གི་ཟླ་ཚེས་སྐོར་ལ་དོགས་འདྲི་བྱས་པར། དེ་ནི་ཨ་མདོའི་ཕྱོགས་ཀྱི་ཟླ་ཚེས་རྩི་སྲོལ་ཡིན་པ་དང༌། ལུགས་རྙིང་གི་ ༢༠༡༢ ཟླ་ ༡༢ ཚེས་ ༨ ཉིན་དེ་ནི་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༩ ཉིན་ལ་འཁེལ་ཡོད་འདུག༽
གནས་ཚུལ་དེ་བྱུང་བའི་རྗེས་སུ་ཀླུ་ཆུ་རྫོང་གི་ཉེན་རྟོག་པ་སྐོར་ཞིག་འདས་པོའི་ཁྱིམ་དུ་འབྱོར་ཏེ་སྐད་ཆ་འགའ་རེའང་འདྲི་རྩད་བྱས་ཡོད་འདུག ཕྱི་ཚེས་ ༢༢ ཉིན་འདས་པོའི་སྐུ་ཕུང་ཞུགས་འབུལ་བྱས་ཡོད་འདུག་ཅིང༌། ས་གནས་མི་མང་ཚོས་བརྗོད་ན། སྤྱིར་བཏང་བོད་པའི་ལུགས་སྲོལ་ལྟར་ན། མི་ཞིག་གྲོངས་ཚེ་ནང་མི་ཚོས་འདས་པོར་དགེ་སྒྲུབ་བྱེད་པ་དང་། དགེ་འདུན་པ་འགའ་རེ་ནང་དུ་གདན་འདྲེན་གྱིས་བསྔོ་སྨོན་གསུངས་པ་སོགས་བྱས་ཏེ། དགུན་ཁ་ཡིན་ཚེ་མ་མཐར་བདུན་ཕྲག་གཅིག་ཡས་མས་ལ་འདས་པོའི་ཕུང་པོ་ཁྱིམ་དུ་འཇོག་སྲོལ་ཡོད་ཀྱང༌། ད་རེས་ཉིན་གསུམ་ལས་མ་འགོར་བར་ཁུ་སིམ་སིམ་སྐུ་ཕུང་ཞུགས་འབུལ་བྱེད་པར་གཞིགས་ན། ཁོང་ཚང་ལ་རྒྱ་ནག་གི་ཉེན་རྟོག་པས་གནོན་ཤུགས་དང་བཙན་བཀའ་ཞིག་བསླེབས་ཡོད་པར་ཚོད་དཔག་བྱེད་བཞིན་ཡོད་འདུག
འདས་པོ་འཇིགས་བྱེད་སྐྱབས་ལགས་ཀྱི་ཕ་མིང་ལ་གདུགས་དཀར་སྐྱབས་དང་མ་མིང་ལ་བདེ་སྐྱིད་འཚོ། ཁོང་ལ་སྲིང་མོ་ཞིག་ཡོད་པའི་མིང་ལ་ཆོས་སྐྱོང་འཚོ་བཅས་ཞུ་བཞིན་ཡོད་འདུག ཁོང་གི་ཕ་མ་ནང་མི་ཚོས་བརྗོད་པ་ལྟར་ན། བུ་འཇིགས་བྱེད་སྐྱབས་ནི་ཆང་དང་ཐ་མག་རིགས་མི་སྤྱོད་མཁན་ཞིག་ཡིན་པ་མ་ཟད། ཕ་མའི་ཁ་ལ་ཉན་པོ་བྱེད་མཁན་གྱི་བྱིས་པ་ཡ་རབས་ཤིག་ཡིན་འདུག བོད་པའི་ལར་ཞེན་ཆེན་པོ་དང༌། དེ་སྔོན་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་བཞིན་པའི་སྐོར་ལ་དོ་སྣང་དང་ཚོར་བ་ཆེན་པོ་བྱེད་མཁན་ཞིག་ཡིན་འདུག་པ་བཅས། །