༢༠༡༣ ཟླ་ ༡ ཚེས ༡༥ རེས་གཟའ་མིག་དམར།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེད་འཛུགས་ལྷོ་བརྒྱུད་སྣེ་འཁྲིད་ཚོགས་ཆུང་གིས་བཏང་གནས་ནང་འཁོད་དོན། ལྷོ་ཕྱོགས་ཀྱི་མངའ་སྡེ་ཁག་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་མཁན་སྤྱི་འཐུས་རྣམ་པས་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༣ ཉིན་གྱི་སྔ་དྲོ་རྒྱལ་ཁབ་ཁག་དུ་མའི་ནང་གཞུང་ཚབ་གནང་མྱོང་བ། ད་ལྟ་རྒྱ་གར་དབུས་གཞུང་གི་བདེ་འཇགས་སློབ་སྟོན་པ་ཀྲེ་པི་ཤི་རི་ན་བ་སན་(T P Srinavasan) མཆོག་དང་མཇལ་འཕྲད་གནང་ཡོད།
སྐབས་དེར་ཁོང་གིས་གསུང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བྱིན་རླབས་ཀྱི་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པ་དང་རྒྱ་གར་ཡང་དེའི་ནང་གི་གཅིག་ཡིན། བོད་དོན་འདི་རྒྱ་གར་ལ་མཚོན་ན་མང་པོ་ཞིག་དང་འབྲེལ་ནས་ཡོད་པས། ནམ་ཡང་བློས་གཏོང་མི་སྲིད་པ་སོགས་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད།
དེའི་རྗེས་ཀེ་ར་ལ་གྲོས་ཚོགས་ཀྱི་ཚོགས་གཙོ་ཇི་ཀར་ཐི་ཀི་ཡན་(G Karthikayan)མཆོག་དང་མཇལ་འཕྲད་ཞུ་བར་བསྐྱོད་སྐབས། ཚོགས་གཙོ་མཆོག་གིས་ཆེ་མཐོང་མཚོན་ཆེད་སྒོ་འགྲམ་བར་བསུ་བར་ཕེབས་ཏེ་སྣེ་ལེན་གནང་བ་མ་ཟད། གསར་འགོད་པ་ ༢༨ ཆེད་འགུག་གནང་ཡོད་པ་ཚོར་བོད་དོན་ངོ་སྤྲོད་དང་ཚོགས་གཙོ་མཆོག་གིས་སྤྱི་འཐུས་རྣམས་ལ་ཕྱག་རྟགས་ཀྱང་གནང་ཡོད།
ལྷག་པར་ཀེ་ར་ལའི་གྲོས་ཚོགས་ཀྱི་ལོ་རྒྱུས་ཐོག་ཁོང་ཉིད་ཀྱིས་ཕྱག་བྲིས་བྱམས་བརྩེ་དང་ལྷག་བསམ་བཟང་པོས་བོད་མི་ཚོ་ལ་གདུང་སེམས་མཉམ་སྐྱེ་ཡོད། ཅེས་མཚན་རྟགས་དང་བཅས་གནང་སྟེ་གསར་འགོད་པས་དྲི་བ་བཏོན་པ་རྣམས་ལ་ཐུགས་སྣང་ཆེན་པོ་གནང་ཡོད།
དེ་བཞིན་ཚོགས་གཙོ་མཆོག་གིས་གསར་འགོད་པ་ཚོར་བོད་ཀྱི་སྤྱི་འཐུས་རྣམས་ཀེ་ར་ལའི་མངའ་སྡེ་འདིར་ཕེབས་དོན་ནི་བོད་ནང་གི་ཛ་དྲག་གི་གནས་སྟངས་ཆེད་ཡིན་པ་སོགས་ངོ་སྤྲོད་གནང་། ཁོང་ནི་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་མ་ཟད། བོད་དོན་ཐོག་རྒྱུས་མངའ་དང་ཐུགས་སྣང་ཆེན་པོ་གནང་མཁན་ཞིག་ཀྱང་རེད་འདུག་པ་བཅས། །