༢༠༡༣ ཟླ་ ༡ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །བོད་ནང་རྒྱ་ནག་གཞུང་ནས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་ལྟར། བྱང་ཀོ་རི་ཡའི་དམར་པོའི་གཞུང་ནས་ཁུལ་དེའི་མི་མང་ལ་དྲག་གནོན་ཤུགས་ཆེ་བྱེད་བཞིན་པའི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེ་ཞུ་ཆེད་ཁེ་ན་ཌའི་གཞུང་ཕྱོགས་ནས་ཕྱི་ལོ་ ༢༠༡༣ ལོ་འདི་བཞིན་བྱང་ཀོ་རི་ཡའི་ལོར་སྲུང་བརྩི་གནང་བཞིན་ཡོད་པ་དང་སྟབས་བསྟུན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༦ ཉིན་ཁེ་ན་ཌའི་ནང་རྟེན་གཞི་བྱས་པའི་བྱང་ཀོ་རི་ཡའི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཚོགས་པས་གོ་སྒྲིག་ཞུས་པའི་བསམ་ཡུལ་ལས་འདས་པའི་དྲག་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གི་ལས་རིམ་གྱི་ཚོགས་འདུག་ཞིག་ཚོགས་འདུག
དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ལས་རིམ་ཐོག་ཆེད་འབོད་གནང་བའི་ཁེ་ན་ཌ་བོད་ཀྱི་གྲོགས་པོ་ཚོགས་པའི་འགན་འཛིན་གྱིས་བོད་ནང་གི་ཛ་དྲག་གནང་སྟངས་སྤྱི་དང་ཡང་སྒོས་རང་ལུས་མེར་སྲེག་སྐོར་ཚོགས་བཅར་བ་རྣམས་ལ་ངོ་སྤྲོད་གནང་དོན། སྤྱི་ཚོགས་ཤིག་བདེ་སྐྱིད་ཕྱོགས་སུ་ཡར་རྒྱས་འགྲོ་དགོས་ན། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གཉིས་ཟུང་འབྲེལ་ཐོག་ནས་དྲག་སྤྱོད་གདུག་རྩུབ་ཅན་གྱི་སྲིད་བྱུས་རིགས་མཚམས་འཇོག་བྱེད་དགོས། བོད་ནང་ལ་ཆ་མཚོན་ན། རྒྱ་ནག་གཞུང་ནས་བོད་དེ་བཞིན་ལྷ་ཡུལ་ལྟ་བུར་འཛུགས་སྐྲུན་བྱས་ཡོད་ཚུལ་ཤོད་བཞིན་ཡོད། འོན་ཀྱང་བོད་མི་ ༩༧ ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་ཡོད། རྒྱ་ནག་གཞུང་ཕྱོགས་ནས་བོད་མིའི་ཆབ་སྲིད་ཀྱི་རང་དབང་ཙམ་མ་ཟད། རིག་གཞུང་རྩ་བརླག ཆོས་དད་ལ་དྲག་གནོན། དེ་བཞིན་བོད་མིའི་འགྲོ་སྡོད་སྤྱོད་གསུམ་ལ་དམ་བསྒྲགས་བྱས་རྐྱེན་གནས་ཚུལ་དེ་དག་བྱུང་དང་འབྱུང་བཞིན་ཡོད། སོགས་ཀྱི་ངོ་སྤྲོད་གསུང་བཤད་གནང་འདུག
ཐེངས་འདིའི་ཚོགས་བཅར་བའི་ཁོངས་སུ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་སྐུ་ཚབ་དང་། རྒྱ་རིགས་མང་གཙོ་དོན་གཉེར་ཚོགས་པའི་ཚོགས་གཙོ། ཁེ་ན་ཌའི་གྲོས་ཚོགས་ཀྱི་གནད་ཡོད་མི་སྣ། དེ་བཞིན་ཁེ་ན་ཌ་བོད་ཀྱི་གྲོགས་པོ་ཚོགས་པའི་འགན་འཛིན་སོགས་མཉམ་ཞུགས་གནང་འདུག་པ་བཅས། །