༢༠༡༣ ཟླ་ ༡ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཚོགས་པ་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མི་རྣམས་ལ་ལས་ཀའི་གོ་སྐབས་བསྐྲུན་ཆེད་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་བོད་པའི་ (BPO) ཚོང་ལས་ཁང་ཆེ་གྲས་ཁག་གི་འཛིན་སྐྱོང་གི་ལས་དོན་ཕྱི་ཕྱོགས་ནས་སྒྲུབ་མཁན་གྱི་ཚན་པ་ཞིག་གསར་འཛུགས་གནང་འཆར་ཡོད་པ་དང་སྟབས་བསྟུན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༨ ཉིན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཚོགས་པས་གོ་སྒྲིག་ཞུས་ཐོག་གནད་དོན་དེའི་སྐོར་རྒྱ་གར་གྱི་མངའ་སྡེ་ཀར་ན་ཀའི་རྒྱལ་ས་སྦེང་ལོར་དུ་སྔོན་འགྲོའི་ཚོགས་འདུ་ཞིག་སྐོང་ཚོགས་གནང་འདུག
ཚོགས་འདུ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམ་པས་གཙོས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་གར་(BPO)འདྲ་མིན་ནང་ལས་ཀ་བྱེད་བཞིན་ཡོད་པའི་བོད་པའི་གཞོན་སྐྱེས་ཁག་གཅིག་མཉམ་ཞུགས་གནང་འདུག ད་ཐེངས་ཚོགས་པའི་ཚོགས་འདུའི་དམིགས་ཡུལ་ནི། རྒྱ་གར་དུ་གནས་པའི་བོད་མི་རྣམས་ཀྱི་ལས་ཀ་སྲ་བརྟན་དང་གསར་གཏོད། དེ་བཞིན་གོ་ལ་གཅིག་གྱུར། དཔལ་འབྱོར་དང་འཚོ་ཐབས་ཡར་རྒྱས་གཏོང་ཐབས་བརྒྱུད། གཙོ་བོ་རྒྱ་གར་དུ་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་ཀྱི་ནུས་པ་སླར་གསོ་ཐུབ་ཐབས་སོགས་ཀྱི་ཆེད་ཡིན་འདུག་པ་བཅས། །