༢༠༡༣ ཟླ་ ༡ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༩ རེས་གཟའ་ལྷག་པའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་རྣམ་གཉིས་ཀྱིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཝིར་བྷ་དྲ་སིངྒ་མཆོག་རྡ་སར་རྟེན་གཞི་བྱས་པའི་མངའ་སྡེའི་ལས་ཁུངས་སུ་ཕེབས་པ་དང་སྟབས་བསྟུན། མཇལ་འཕྲད་གནང་སྟེ་སྲིད་སྐྱོང་མཆོག་གིས་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་དུ་སླར་ཡང་འདེམས་ཐོན་བྱུང་བར་འཚམས་འདྲིའི་མཇལ་དར་དང་སྐུ་ཐང་ཞིག་ཀྱང་ཕྱག་རྟགས་སུ་འབུལ་སྐབས། བློན་ཆེན་མཆོག་ནས་ཀྱང་སྲིད་སྐྱོང་མཆོག་ལ་འཚམས་འདྲི་མཚོན་ཆེད་ཧི་མཱ་ཅལ་ཡུལ་སྲོལ་གྱི་གཟན་ (shawl) དང་ཞྭ་མོ་ཞིག་ཕྱག་རྟགས་སུ་གནང་ཡོད། གཞན་ཡང་མཇལ་འཕྲད་སྐབས་ཧི་མཱ་ཅལ་མངའ་སྡེའི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཚན་པའི་ (Urban Development and Town and Country Planning) བློན་ཆེན་སྐུ་ཞབས་སུ་དིར་ཤར་མ་ (Shri Sudhir Sharma,)མཆོག་ཀྱང་ཕེབས་ཡོད་པ་བཅས།།