༢༠༡༣ ཟླ་ ༡ ཚེས་ ༣༡ རེས་གཟའ་ཕུར་བུ།
༄༅། །འདི་གར་བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱི་གསར་འགོད་ཚོགས་ཆུང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣༠ རེས་གཟའ་ལྷག་པ་ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་པའི་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཆེན་མོ་དངོས་སུ་འགོ་འཛུགས་ཀྱིས་ཉིན་དང་པོར་མི་མང་འདུ་འཛོམས་ཐོག་རྒྱ་གར་གྱི་ཆབ་སྲིད་དབུ་ཁྲིད་དང་། གནད་ཡོད་མི་སྣ་རྣམས་ཀྱིས་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་ཏལ་ཀ་ཏོ་ར་རྩེད་རྭའི་ (Talkatora Stadium) ཚོགས་ཁང་ཆེན་མོའི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༥༠༠༠ ལྷག་རིམ་བཞིན་འདུ་འཛོམས་ཐོག་རྒྱལ་ཁབ་མ་འདྲ་བ་ཁག་དྲུག་གི་ནང་པའི་དགེ་འདུན་པ་རྣམས་ཀྱིས་ཐོག་མར་སྨོན་ལམ་གསུང་འདོན་གནང་། དེ་རྗེས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་མཛད་རིམ་སྙན་སྒྲོན་གནང་ཡོད།
ཆུ་ཚོད་ ༡༢།༡༥ ཐོག་འཕགས་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་སྙན་འབུལ་ཞུས་མཚམས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ཀྱི་ཆེད་ངག་བཅད་མྱ་ངན་གུས་འདུད་སྐར་མ་གཅིག་རིང་གནང་རྗེས། དེ་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ལས་འགུལ་ངོ་སྤྲོད་ཀྱི་གསུང་བཤད་གནང་དོན། ཐེངས་འདིའི་ལས་ལས་འགུལ་འདི་བཀའ་སྤྱི་གཉིས་ཐུན་མོང་དང་། དམིགས་བསལ་སྲིད་སྐྱོང་མཆོག་གིས་དབུས་བཀའ་ཤག་ལྷན་རྒྱས་མི་མང་ལྷན་མཉམ་ཞུགས་ཀྱིས་ལས་འགུལ་སྤེལ་བ་ཐོག་མ་ཡིན། དེ་ཐེངས་ཀྱི་ལས་འགུལ་རིང་རྒྱ་བལ་འབྲུག་གསུམ་སོགས་ཕྱོགས་མཐའ་ཁག་ནས་བོད་པའི་མི་མང་ ༤༥༠༠ ལྷག་དང་བླངས་ཀྱིས་མཉམ་ཞུགས་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་གྲངས་ ༡༥༠༠ ལྷག་མཉམ་ཞུགས་གནང་ཡོད།
བོད་ནང་བོད་མི་ ༩༩ ནས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་དགོས་དོན་སྐོར། རྒྱ་གཞུང་གིས་བོད་ནང་མི་ལོ་ ༦༠ ལྷག་གི་རིང་དྲག་གནོན་གྱི་སྲིད་བྱུས་འོག་གཞིས་བཞུགས་བོད་མི་རྣམས་ལ་དཀའ་སྡུག་མང་དག་ཅིག་འཕྲད་དང་འཕྲད་མུས་རེད། རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་ནང་མི་གཉེན་འབྲེལ་ལྟོས་བཅས་ལ་དམ་བསྒྲགས་ཆེ་རུ་བཏང་ཡོད། རྒྱ་གཞུང་ནས་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་ངོ་མ་རྩད་གཅོད་མེད་པར། ངན་ཁག་ཏཱ་ལའི་རུ་ཚོགས་ཟེར་བ་སོགས་ལ་འགེལ་བཞིན་ཡོད། རྒྱ་དམར་ཆོས་མེད་རིང་ལུགས་པས་བོད་ཀྱི་དགོན་སྡེ་ཁག་ནང་མའོ་དང། ཏིང་། ཅང་། ཧུའུ་སོགས་ཀྱི་པར་ལྷ་སྐུ་རྟེན་གསུམ་སོགས་དང་མཉམ་དུ་སྒྲིག་གཤོམ་བྱེད་བཅུག་པ་སོགས་བོད་དོན་དང་འབྲེལ་བའི་གནས་ཚུལ་ངོ་སྤྲོད་གྲུབ་མཚམས། མཐའ་དོན་འཛམ་གླིང་འདིའི་ནང་ང་ཚོ་ལ་རྒྱ་གར་ལས་བཀའ་དྲིན་ཆེ་བ་མེད་སྐོར་དང་། དེ་རིང་གི་སྐུ་མགྲོན་གཙོ་བོ་སོགས་རྒྱ་གར་གྱི་གལ་ཆེའི་མི་སྣ་མང་པོ་འབྱོར་ཡོད་པ་རྣམས་ཀྱིས་རྒྱ་གར་གཞུང་གི་སྲིད་བྱུས་དང་མཐུན་པའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་གནང་ཡོད།
དེ་ནས་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་གིས་ལས་འགུལ་དང་འབྲེལ་བའི་གལ་ཆེའི་གཙོ་གནད་ཁག་གསུང་དོན། ད་ལྟ་བོད་ཀྱི་གནས་སྟངས་གཉན་འཕྲང་ཆེ་བའི་སྐབས་འདིར་རྒྱ་གར་གྱི་གལ་ཆེའི་སྐུ་མགྲོན་རྣམས་ཕེབས་གནང་བར་ང་ཚོ་སེམས་ཤུགས་ཆེ་རུ་ཕྱིན་སྐོར་དང་། རང་ལུས་མེར་སྲེག་གཏོང་མཁན་ཕལ་ཆེ་བ་འདས་གྲོངས་སུ་གྱུར་ཡོད་པ་དེས་རྒྱ་གཞུང་གི་དབང་འོག་ཏུ་བསྡད་པ་ལས་ཤི་ན་དགའ་བ་ཞིག་མཐོང་བ་ཡིན་སྐོར། གཞིས་བཞུགས་བོད་མི་རྣམས་ཀྱིས་༸གོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་ཡོང་རྒྱུའི་རེ་བ་ཆེན་པོ་ཡོད་པ། ཁོང་རྣམས་ཀྱི་མངོན་འདོད་ལ་ང་ཚོས་རྒྱབ་སྐྱོར་འགན་ལེན་དགོས་པ། བོད་ནང་གཞིས་བཞུགས་བོད་མི་རྣམས་ལ་རྒྱ་གཞུང་གིས་འདི་ལྟ་བུའི་ལས་འགུལ་སྤེལ་རྒྱུའི་གོ་སྐབས་ནམ་ཡང་སྤྲོད་ཀྱི་མེད་ཀྱང་། རྒྱ་གར་འདི་བཞིན་མང་གཙོ་དང་རང་དབང་ཅན་གྱི་རྒྱལ་ཁབ་ཡང་དག་པ་ཞིག་ཡིན་པས།ང་ཚོར་རྒྱལ་ས་ལྡི་ལིར་ལས་འགུལ་སྤེལ་རྒྱུའི་གོ་སྐབས་བྱུང་བ་དང་བཀའ་འཁྲོལ་གནང་བ་སོགས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།
དེ་རིང་འདིར་ཕེབས་པའི་རྒྱ་གར་གྱི་དཔོན་རིགས་དང། མི་མང་རྣམས་གྷན་དྷི་སོགས་ཀྱི་རྒྱུན་མཐུད་པའི་སྐུ་ཚབ་མཚོན་གྱི་ཡོད་པར་ངོས་འཛིན་ཞུ་རྒྱུ། གཞན་ཌོག་ཊར་ར་ཇན་དྷ་པྲསཊ་ (Dr Rajendra Prasad) ལགས་ཀྱིས་བོད་མིའི་སེམས་ཤུགས་མ་ཤི་ན་བོད་ཀྱི་གནད་དོན་མི་ཤི་ཞེས་གསུངས་པ་ལྟར། ང་ཚོ་ཡང་སེམས་ཤུགས་ཆག་མེད་པ་དང་། རྒྱ་གར་གྱིས་བོད་ལ་རྒྱབ་སྐྱོར་དགོས་དོན། བོད་ཀྱི་ཁོར་ཡུག་ཇི་ལྟར་གལ་ཆེ་ཡིན་པ། རྒྱ་གར་དང་བོད་གཉིས་ཀྱི་བླ་སློབ་འབྲེལ་བའི་སྐོར། བོད་དོན་བདེན་མཐའ་གསལ་ཐབས་ཆེད་འཚེ་མེད་ཞི་བ་དང་མང་གཙོའི་ལམ་ནས་འགན་མུ་མཐུད་ཁུར་འཆར་ཡོད་སྐོར། ད་ལྟ་བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཆིག་སྒྲིལ་དང་སྙིང་སྟོབས་སོགས་ལ་བརྟེན། དུས་རབས་ཉེར་གཅིག་ནང་བོད་མིར་སྐྱིད་པའི་ཉི་མ་ཤིག་འཆར་ཐུབ་པའི་རེ་བ་ཡོད་པ་བཞིན་ང་ཚོའི་མངོན་འདོད་དང་། རེ་བ་སོགས་བསྒྲུབ་ཆེད་རྒྱ་གར་གཞུང་མང་གཉིས་ནས་ཀྱང་རྒྱབ་སྐྱོར་གནང་རོགས། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པས་ཆེད་བསྒྲིགས་གནང་བའི་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་གླུ་གཞས་ཀྱི་བརྙན་འཁོར་དེ་བསྟན་ཡོད། དེ་ནས་རྒྱ་གར་གྱི་ཆབ་སྲིད་དབུ་ཁྲིད་དང་གནད་ཡོད་མི་སྣ་ཁག་གཅིག་གིས་གསུང་བཤད་རིམ་བཞིན་གནང་གྲུབ་མཚམས་ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། ཕྱི་དྲོ་ཆུ་ཚོད་ ༣།༠༠ ཐོག་ལས་འགུལ་བ་ཡོངས་ནས་བདེན་ཚིག་སྨོན་ལམ་འུར་འདོན་གྱིས་ཉིན་དང་པོའི་མཛད་སྒོ་རྒྱལ་ཁའི་ངང་ནས་མཇུག་སྒྲིལ་གནང་ཡོད། །