༢༠༡༣ ཟླ་ ༡ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༢ ཉིན་རྡ་སའི་ཉེ་འཁྲིས་སུ་ཆགས་པའི་ནོར་བུ་གླིང་ཁུལ་དུ་རྡ་ས་ས་གནས་འགོ་འཛིན་ཡན་ལག་ལས་ཁུངས་གསར་པ་ཞིག་དབུ་འབྱེད་གནང་འདུག
དེ་ཡང་གོང་ཚེས་ཉིན་གྱི་དབུ་འབྱེད་མཛད་སྒོའི་ཐོག་སི་ཌེ་པུར་(SIDHPUR)ཁྱབ་ཁོངས་ཡུལ་མིའི་ས་གནས་འཐུས་མི་ལྕམ་སྐུ་ཨུ་ཤི་ཤཱ་མཱར་མཆོག་གིས་གཙོས་རྡ་ས་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་ལགས་དང་། དེ་བཞིན་ཁུལ་དེའི་ཚོགས་སྡེ་ཁག་གི་འགན་འཛིན་རྣམ་པ། ས་གནས་སུ་གནས་སྡོད་བོད་མི་སོགས་ལྷན་འཛོམས་ཀྱིས་ཐོག་མར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་ཁག་གཅིག་གིས་ས་གནས་ཡན་ལག་ལས་ཁུངས་ལ་རབ་གནས་དང་སྦྲགས་རྟེན་འབྲེལ་མཚོན་ཆེད་སྨོན་ལམ་གསུང་འདོན་གནང་གྲུབ་མཚམས་སྒྲོལ་མ་གླིང་བཙུན་དགོན་གྱི་སློབ་སྤྱི་རིག་འཛིན་ཆོས་གྲགས་ལགས་ཀྱིས་ཁུལ་དེའི་བོད་མིའི་དཀའ་ངལ་རྣམས་ངོ་སྤྲོད་ཀྱི་གསུང་བཤད་གནང་ཡོད། དེ་ནས་སྤྱི་ཟུར་ངག་དབང་ལྷ་མོ་ལགས་ཀྱིས་ཁུལ་དེའི་མི་མང་ནས་ས་གནས་ལས་ཁུངས་ཀྱི་ལས་གཞིའི་ཐོག་ཕྱར་གྲུ་མཉམ་འདེགས་གནང་དགོས་སྐོར་གསུང་བཤད་གནང་ཡོད། དེ་བཞིན་རྡ་ས་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་ལགས་ཀྱིས་ས་གནས་འགོ་འཛིན་གྱི་ཡན་ལག་ལས་ཁུངས་གསར་པ་དེ་བཙུགས་དགོས་དོན་སྐོར་ལ་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་གསར་འགོད་པར་གསུང་གསལ། ལས་ཁུངས་འདི་ནི་འདི་གའི་གཡས་གཡོན་དུ་གནས་སྡོད་བྱེད་མཁན་མི་མང་གང་འདྲ་ཞིག་ཡིན་རུང་རྒྱབ་གཉེར་སོགས་ལས་ཁུངས་འདི་ནས་སྤྲོད་ཐུབ་ཐབས་ཙམ་མ་ཟད། ཁོང་ཚོའི་བདེ་སྡུག་ཀྱང་འདིར་ཞུ་ཐུབ་པ་ཞིག་ཆགས་ཀྱི་རེད། གལ་ཆེ་ཤོས་ཤིག་ས་གནས་འགོ་འཛིན་རེས་གཟའ་ལྷག་པར་ནམ་ཡིན་ལ་སྔ་དྲོ་ཆུ་ཚོད་ ༩ ནས་ ༥ བར་ལས་ཁུངས་འདི་གར་ཚོགས་སྐབས། ནམ་རྒྱུན་དུ་ཚོགས་སྡེ་དང་དགོན་སྡེ་ཁག་གི་དཀའ་ངལ་དང་། ཉམ་ཐག་ཚོར་ལྟ་རྟོག་ཐོག་མི་མང་གི་དཀའ་ཐད་ཀར་སེལ་ཐུབ་པ་ཆགས་ཀྱི་རེད། ཅེས་འགྲེལ་བརྗོད་གནང་འདུག
སྤྱིར་བཏང་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཡན་ལག་ལས་ཁུངས་དེ་ལྟར་བཙུགས་དགོས་དོན་ནི། ཁུལ་དེར་གནས་སྡོད་ཁ་ཐོར་བོད་མི་རྣམས་ཀྱི་དཀའ་ངལ་ཐད་ཀར་སེལ་ཆེད་ཡིན་འདུག་པ་མ་ཟད། ད་ལྟའི་ཆར་ཡན་ལག་ལས་ཁུངས་དེའི་ཁྱབ་ཁོངས་སུ་གྷོ་པ་པུར་བོད་ཁྱིམ་དང་ཅཱ་མོན་ཊ། རྒྱུད་སྟོད། ནོར་གླིང་རིག་གཞུང་གཅེས་སྐྱོང་ཁང་། སྒྲོལ་མ་གླིང་། འཆི་མེད་དགའ་ཚལ་གླིང་། སྙིང་སྟོབས་གླིང་། ཤེས་རབ་དགའ་ཚལ་སློབ་གླིང་དང་། ས་གནས་ཁ་འཐོར་མི་དམངས་སོགས་ཁྱོན་མི་འབོར་ ༥༠༠༠ ལྷག་ཡོད་འདུག་པ་བཅས། །