༢༠༡༣ ཟླ་ ༡ ཚེས་ ༥ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༥ ཉིན་དབུས་སྨན་རྩིས་ཁང་གི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཐེངས་བཞི་པའི་དུས་དྲན་སྲུང་བརྩིའི་མཛད་སྒོ་སྨན་རྩིས་ཁང་གི་ཚོགས་ཁང་ནང་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་མཆོག་གིས་དབུས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་གཅིག་དང་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱྱི་ཚོགས་མི་རྣམ་པ། དེ་བཞིན་ཚོགས་བཅར་བ་དང་གསར་འགོད་པ་སོགས་ཁྱོན་མི་གྲངས་བདུན་ཅུ་བརྒལ་བའི་དབུས་སུ་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་། དེ་ནས་གཡུ་ཐོག་གསོལ་འདེབས་འདོན་མུར་གསོལ་ཇ་འབྲས་སིལ་ཕུལ་རྗེས་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོས་ངོ་སྤྲོད་གསུང་བཤད་གནང་།
དེ་རྗེས་སྨན་པའི་ལྷན་ཚོགས་ཀྱི་དྲུང་ཆེས་སྐབས་གསུམ་པའི་སྨན་པའི་ལྷན་ཚོགས་ཀྱི་ལས་བསྡོམས་སྒྲོགས་སྦྱང་ཞུས་གྲུབ་བསྟུན་སྐུའི་བླ་སྨན་ཟུར་པ་རྔོགས་རིགས་དགེ་སློང་ཡེ་ཤེས་དོན་ལྡན་ལགས་སུ་སྨན་སྦྱོར་ཁང་དེབ་སྐྱེལ་གྱི་ཕྱག་འཁྱེར་འབུལ་རྒྱུ་དེ་ཁོང་གི་སྐུ་ཚབ་སྐལ་བཟང་དོན་ལྡན་ལགས་སུ་འཕྲོད་བསྟེན་བཀའ་བློན་མཆོག་གིས་གནང་ཡོད། དེ་ནས་སྐབས་གསུམ་པའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པར་ཆེ་བསྟོད་ཕྱག་འཁྱེར་བཀའ་བློན་མཆོག་གིས་གནང་བ་དང་ཆབས་ཅིག་གསུང་བཤད་གནང་དོན།
དེ་རིང་འདི་གར་ཆེས་མཐོའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་ལོ་དགུ་ཧྲིལ་པོ་འཁོར་བའི་མཛད་སྒོར་ཆེད་ཕེབས་གནང་བའི་བོད་མི་མང་སྤྱི་འཐུས་རྣམ་པ་དང་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་དྲུང་ཆེས་གཙོས་ཚོགས་མི་རྣམ་པ། སྐུའི་བླ༌ཞབས་སྨན་པ་རྟ་མགྲིན་ལགས། བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱིས་གཙོས་སྡེ་ཚན་ཁག་གི་འགན་འཛིན་དང་ལས་བྱེད་རྣམ་པ། སྨན་པ་དང་རྩིས་པ་རྒན་གཞོན་རྣམ་པ། གསར་འགོད་པ་རྣམ་པ། ཚོགས་བཅར་བ་ཚང་མར་ལོ་གསར་པ་དང་སྟབས་བསྟུན་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་གི་ཡིན། ཚང་མས་ཤེས་གསལ་ལྟར། བོད་ཀྱི་གསོ་བ་རིག་པ་དེ་ང་ཚོ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ཆ་ཤས་གལ་ཆེ་ཤོས་ཤིག་ཆགས་ཡོད། ཆེས་མཐོའི་སྨན་པའི་ལྷན་ཚོགས་ངོས་ནས་ལོ་དགུའི་རིང་ཕྱག་ལས་གནང་བ་རེད།
ཉེ་བའི་ཆར་བོད་ཀྱི་གསོ་བ་རིག་པའི་ཐོག་ལ་རྒྱལ་སྤྱིའི་ཚོགས་འདུ་ཆེན་པོ་ཞིག་གོ་སྒྲིག་ཞུས་ཡོད། དེ་དང་འདྲ་བའི་ཕྱག་ལས་མང་དག་ཅིག་གནང་དང་གནང་མུས་རེད། དེར་བརྟེན་ང་ཚོ་འཕྲོད་བསྟེན་ལས་ཁུངས་ནས་ཕྱག་ལས་ཡག་པོ་གནང་གི་ཡོད་པའི་ངོས་འཛིན་ཞུས་པ་དང་ཆབས་ཅིག་མུ་མཐུད་ནས་ཕྱག་ལས་གནང་རོགས་ཞུ་རྒྱུ་ཡིན། ཆེས་མཐོའི་སྨན་པའི་ལྷན་ཚོགས་འདི་དཔེར་ན། རྒྱ་གར་ལ་ཆ་བཞག་ན།(Medical Council དང་Pharmacy Council)ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱིས་(Medical Council དང་Pharmacy Council)གཉིས་ཀའི་ཕྱག་ལས་གནང་གི་ཡོད་པས་ཚོགས་པ་འདི་གལ་ཆེན་པོ་ཞིག་ཆགས་ཡོད། གྲོས་ཚོགས་ནང་གྲོས་ཆོད་བཞག་པའི་ཚོགས་པ་ཞིག་ཆགས་སྟབས། ང་ཚོ་འཕྲོད་བསྟེན་ལས་ཁུངས་ནས་གལ་ཆེན་པོ་རྩི་བཞིན་ཡོད།
ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱིས་ཕྱག་ལས་གནང་སྐབས་ད་ལྟ་གནང་བ་བཞིན། མུ་མཐུད་ཕྱི་གསལ་ནང་གསལ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཚང་མས་ཤེས་གསལ་ལྟར་དེང་སང་བོད་ཀྱི་གསོ་བ་རིག་པའི་མིང་ཁྱེར་ནས་བོད་ཀྱི་གསོ་བ་རིག་པར་མཚན་ཤས་བཟོ་མཁན་འདྲ་མིན་སྣ་ཚོགས་ཡོང་སྲིད་པ་རེད། དེ་དག་ཐོག་ལ་དམ་བསྒྲགས་གནང་རྒྱུ་གལ་ཆེན་པོ་རེད། ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོས་གོང་དུ་གསལ་གསལ་གནང་བར་ང་ཚོ་འཕྲོད་བསྟེན་ལས་ཁུངས་ངོས་ནས་དེ་རིང་གསལ་པོ་ཆགས་སོང་ཞེས་ཞུ་རྒྱུ་ཡིན། འཕྲོད་བསྟེན་ལས་ཁུངས་ངོས་ནས་མཐུན་འགྱུར་ཞུ་རྒྱུ་དེ་དག་ང་ཚོས་བཀའ་ཤག་ལ་སྙན་སེང་ཞུས་ཏེ་གང་ཐུབ་ཅི་ཐུབ་བྱ་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན།
ང་ཚོ་ཚང་མའི་ངོས་ནས་གལ་ཆེ་ཤོས་དེ་བཀའ་ཤག་གི་ལྟ་གྲུབ་གསུམ་ཐུགས་ལ་བཞག་པའི་ཐོག་ནས་ཕྱག་ལས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་དང་ཆབས་ཅིག་བོད་ཀྱི་སྨན་རྩིས་ཁང་གི་ངོས་ནས་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱིས་ཚོགས་གཙོས་གོང་དུ་གསུངས་པ་ལྟར། དཔལ་འབྱོར་སོགས་ཐོག་ཕྱག་རོགས་གནང་ཐུབ་པ་ཡིན་ན་དགེ་མཚན་ཆེན་པོ་འདུག་ཅེས་ཞུ་འདོད་བྱུང་། ང་ཚོ་ཚང་མའི་ངོས་ནས་བོད་ཀྱི་གསོ་བ་རིག་པ་དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཆགས་ཀྱི་ཡོད་སྟབས། ཚང་མས་ཐུགས་ལ་བཞག་ནས་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་རེད། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་ཅིང་གང་མགྱོགས་བོད་དུ་༸ཞབས་སོར་འཁོད་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་ཡོད། དེ་ནས་སྨན་པའི་ལྷན་ཚོགས་གཞོན་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གྲུབ་མཚམས་སྨན་རྩིས་བསྟན་རྒྱས་སྨོན་ལམ་གསུང་འདོན་གནང་སྟེ་དུས་དྲན་སྲུང་བརྩིའི་མཛད་སྒོ་གྲོལ།
དེ་བཞིན་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་འོས་བསྡུ་ཚོགས་ཆུང་གི་ཚོགས་གཙོས་སྐབས་བཞི་པའི་ཚོགས་མིའི་འོས་མི་གསལ་བསྒྲགས་གནང་ཡོད། དེ་ནས་གསར་འདེམས་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་དྲུང་ཆེ་འོས་འདེམས་གནང་རྒྱུ་རེད་འདུག
ཉིན་རྒྱབ་གསོ་བ་རིག་པའི་བསྟན་དོན་སྤྱི་དང་ལྷག་པར་ཆེས་མཐོའི་སྨན་པའི་ལྷན་ཚོགས་དེ་སྲ་བརྟན་རྒྱུན་གནས་དང་ལས་དོན་གོང་སྤེལ་ཆེད་སྤྱི་སྨན་དགོངས་འཆར་གནང་ཡོད་པ་བཅས། །