༢༠༡༣ ཟླ་ ༡ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༦ རེས་གཟའ་སྤེན་པ་ནས་འགོ་འཛུགས་ཏེ་ཐེ་ཝན་བོད་རིགས་ཚོགས་པས་ཐེ་ཝན་ནང་བོད་དོན་ངོ་སྤྲོད་ཀྱི་ལས་འགུལ་འགོ་འཛུགས་གནང་ཡོད།
དེ་ཡང་བོད་རིགས་ཚོགས་པའི་ཚོགས་འདུ་རིམ་པའི་དགོངས་འཆར་ལྟར། ཚོགས་པའི་ངོས་ནས་བོད་དོན་ངོ་སྤྲོད་ཀྱི་ལས་འགུལ་སྤེལ་ཆེད་སྣུམ་འཁོར་ཆུང་བ་ཞིག་ཉོ་སྒྲུབ་དང་། སྣུམ་འཁོར་གྱི་ཕྱི་ངོས་སུ་བོད་དོན་ངོ་སྤྲོད་ཀྱི་ཁྱབ་བསྒྲགས་འདྲ་མིན་ཐོག རྒྱང་བསྒྲགས་ནང་ནས་བོད་དོན་ངོ་སྤྲོད་བྱ་རྒྱུའི་གྲ་སྒྲིག་གི་ལས་གཞི་ལེགས་གྲུབ་བྱུང་བ་རེད། ལས་འགུལ་འདི་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི། བོད་ནང་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་དམ་བསྒྲགས་ཆེ་རུ་བཏང་ནས་བོད་མི་རྣམས་ཛ་དྲག་གི་གནས་སྟངས་འོག་དཀའ་སྡུག་ཇེ་ཆེར་མྱོང་བཞིན་ཡོད།
འོན་ཀྱང་། རྒྱ་གཞུང་གིས་ཕྱི་ཕྱོགས་ལ་དངོས་དོན་དང་ཡོངས་སུ་འགལ་བའི་རྫུན་གཏམ་རྒྱ་ཆེར་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་དང་། ཐེ་ཝན་ནང་ཉིན་རེར་རྒྱ་ནག་སྐམ་སའི་ཡུལ་མི་སྤྲོ་འཆམ་དུ་ཡོང་མཁན་མི་གྲངས་སུམ་སྟོང་ལྷག་ཡོད་ཀྱང་། ཐེ་ཝན་གྱི་གསར་འགྱུར་སྡེ་ཚན་ནང་རྒྱ་གཞུང་གིས་དཔལ་འབྱོར་སོགས་དངོས་ཤུགས་བརྒྱུད་གསུམ་ནས་སིམ་འཛུལ་བྱས་ཏེ་བོད་དོན་གསར་འགྱུར་བཀོད་ཐོན་བྱ་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་སྟབས། བོད་མི་རང་ངོས་ནས་ཐབས་ལམ་འདྲ་མིན་བརྒྱུད་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་རྒྱུ་གལ་ཆེ་ཡིན་པ་དང་།
ལྷག་དོན་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཕྱི་ལོ་ ༢༠༡༣ འདི་བོད་ལ་གདུང་སེམས་མཉམ་སྐྱེའི་ལོར་སྲུང་བརྩི་ཞུ་ཆེད་ཕྱོགས་ཡོངས་ནས་མཉམ་ཞུགས་གནང་དགོས་པའི་ལམ་སྟོན་ཕེབས་དོན་ལྟར། ལས་རིམ་དང་པོ་དེ་བོད་མིས་རང་ལུས་མེར་སྲེག་སྐོར་གྱི་ངོ་སྤྲོད་ཡིན་པ་དང་། ཐེ་ཝན་ནང་རྒྱ་ནག་གི་ཡུལ་སྐོར་བྱ་ཡུལ་གཙོ་བོའི་ས་ཚིགས་དང་། མི་ཚོགས་མང་བའི་གཞུང་ལམ་ཐོག་སྣུམ་འཁོར་བསྐོར་བསྐྱོད་བྱས་པར་དོ་སྣང་བྱེད་མཁན་གང་ཙམ་བྱུང་ཡོད། ལོ་འདིའི་ནང་ཐེ་ཝན་དུ་རྣམ་པ་འདྲ་མིན་གྱི་ཐོག་ནས་མུ་མཐུད་ལས་འགུལ་གང་མང་སྤེལ་རྒྱུ་ཡིན་པ་བཅས། །