༢༠༡༣ ཟླ་ ༡ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༨-༢༩ ཉིན་གཉིས་རིང་ “རྒྱ་དམར་གྱི་མི་སྤྱོད་ལས་འདས་པའི་གདུག་རྩུབ་སྲིད་བྱུས་ལག་བསྟར་གྱིས་སྲེག་བཞིན་པའི་བོད་ནང་གི་ཛ་དྲག་གནས་སྟངས་” སྐོར་བོད་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་དྷརྨ་ཤཱ་ལར་འཚོག་གཏན་འཁེལ་བར་ཚོགས་ཞུགས་གནང་འདོད་ཡོད་མཁན་ཚོས་གོང་གསལ་གནད་དོན་ཐོག་གསུང་རྩོམ་ཤོག་ལྷེ་གསུམ་ལས་མི་ཉུང་བ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་ ༢༠༡༣ ཟླ་ ༢ ཚེས་ ༢༥ འགྱངས་མེད་འབུལ་གནང་ཡོང་བ་དང། གསུང་རྩོམ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་ངོས་བཞེས་གནང་བ་རྣམས་ལ་ཚོགས་ཞུགས་ཀྱི་མགྲོན་ཤོག་འབུལ་རྒྱུ་མ་ཟད་བགྲོ་གླེང་ཚོགས་འདུའི་རིང་ལམ་གྲོན་དང་གནས་མལ་གྱི་འགྲོ་གྲོན་ཆ་ཚང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་འབུལ་རྒྱུ་ཡིན་ན་ཕྱོགས་བཞུགས་བོད་མཁས་པ་རྣམ་པས་ཐུགས་སྣང་ཆེ་བཞེས་ཡོང་བ་བཅས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༦ ལ།
རྩོམ་ཤོག་ནང། བགྲོ་གླེང་ཚོགས་འདུའི་དམིགས་ཡུལ་གཙོ་བོ་ད་ལྟ་བོད་ནང་བོད་རིགས་སྤུན་ཟླ་མང་པོ་འུ་ཐུག་ཐབས་ཟད་ཀྱིས་སོ་སོའི་རྩ་ཆེའི་རང་སྲོག་ཚུན་དོར་ནས་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་པའི་ཡིད་སྐྱོ་དང་ཛ་དྲག་གནས་སྟངས་ཀྱི་རྒྱབ་ལྗོངས་རྒྱུ་རྐྱེན་སྤྱི་དང། ལྷག་པར་དུ་རྒྱ་དམར་གྱིས་བོད་དབང་སྒྱུར་དང། བཙན་དབང་རྗེས་ཀྱི་མི་སྤྱོད་ལས་འདས་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་རྐྱེན་པས་བོད་ཀྱི་སྣོད་བཅུད་ལ་གནོད་འཚེ་གཏོར་བཅོམ། ཆོས་དང་རིག་གཞུང། སྐད་ཡིག་སོགས་བོད་མི་རིགས་ཀྱི་ཁྱད་ཆོས་ཐ་དག་རྩ་མེད་བཏང་དང་གཏོང་བཞིན་པ། བོད་ཀྱི་གཏེར་ཁ་སྔོག་འདོན་དང་འཕྲོག་བཅོམ། ཁོར་ཡུག་ལ་གནོད་འཚེ། མི་སེར་སྤེལ་བའི་སྲིད་བྱུས། མི་རིགས་དབྱེ་འབྱེད། སྨྲ་བརྗོད་རང་དབང་མེད་པ། ཆོས་དད་རང་དབང་མེད་པ། དགོན་སྡེ་ཁག་དང་གྲྭ་བཙུན་ལ་ལྷག་པར་སྡང་སེམས་དང་དྲག་གནོན། བོད་མིའི་བསམ་འདུན་ལ་མཐོང་ཆུང་རྡོག་རོལ། ས་ཞིང་བཙན་འཕྲོག་དང་འབྲོག་པ་གནས་སྤོ། ༸གོང་ས་མཆོག་ལ་མཚན་སྨད་ཐོག་ནས་བོད་མིའི་ཡིད་ཆེས་དད་པར་གནོད་འཚེ་བཏང་བ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་གི་ཁེ་ཕན་ཙམ་ཡང་བོད་མིར་ཐོབ་ཀྱི་མེད་པ། བོད་མིར་མ་ཉེས་ཁག་གཡོགས་ཀྱིས་རྡུང་རྡེག་བཙོན་བཅུག་སོགས་བོད་ནང་གི་དངོས་བདེན་གནས་ཚུལ་ཁག་དང་།
ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལས་གཞི་ལུས་བོད་རིགས་སྤུན་ཟླ་རྣམས་སྐྱོབ་ཐབས་སུ་བྱེས་འབྱོར་བོད་མི་ངོས་ནས་ལས་འགུལ་ཐབས་ལམ་གང་དང་གང་ཡོད་དང། རྒྱ་ནག་མི་མང་སྤྱི་མཐུན་གྱལ་ཁབ་ཀྱི་འགོ་ཁྲིད་གསར་པ་མཉམ་འབྲེལ་ལམ་སོགས་སྐོར་གསུང་རྩོམ་ཞིབ་ལྷུག་དང་བགྲོ་གླེང་མཐིལ་ཕྱིན་གྱི་རེ་བ་ཡིན་ནའང་ནང་དོན་ལ་མཐའ་མེད།
རྩོམ་ཤོག་འབུལ་དུས་མཐའ་མ། ༢༠༡༣ ཟླ་ ༢ ཚེས་ ༢༥
བགྲོ་གླེང་ཚོགས་འདུའི་དུས་ཚེས། ༢༠༡༣ ཟླ་ ༣ ཚེས་ ༢༨ དང་ ༢༩
ས་གནས། Tibet Policy Institute, CTA, Gangchen Kyishong, Dharamasla, Distt. Kangra, 176215 H.P. India
འབྲེལ་གཏུག་གནང་ཡུལ།
email: [email protected]
phone: 01892-222403
01892-223556