༢༠༡༣ ཟླ་ ༡ ཚེས་ ༤ རེས་གཟའ་པ་སངས།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་བོད་དོན་ཞུ་གཏུག་གི་ལས་འགུལ་དེ་བཞིན་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡ ཉིན་དབུ་འཛུགས་གནང་བའི་ཆ་ཤས་སུ་ལས་འགུལ་ཉིན་གཉིས་པ་སྟེ་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་ཀར་ཎཱ་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་ནང་བོད་མི་མང་སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་དང། ཨ་ཀྲུག་ཚེ་བརྟན་ལགས། འཇིགས་མེད་འབྱུང་གནས་ལགས། བུ་མོ་ཚེ་རིང་ལགས། ཚེ་རིང་གཡུ་སྒྲོན་ལགས། བློ་བཟང་ཡེ་ཤེས་ལགས་བཅས་ཀྱིས་ཁུལ་དེར་རྟེན་གཞི་བྱས་པའི་གསར་འགོད་མཐུན་ཚོགས་ (Press Club) ཀྱི་ཚོགས་ཁང་དུ་བོད་དོན་ལས་འགུལ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སྐབས་ཕྱི་ནང་གསར་འགོད་པ་མི་གྲངས་ ༣༠ ལྷག་ཕེབས་ཡོད།
དེ་ཡང་གསར་འགོད་ལྷན་ཚོགས་འགོ་མ་འཛུགས་སྔོན་ཙམ་དུ་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཞིག་བསྟན་པ་དང་སྦྲགས། སྤྱི་འཐུས་བུ་མོ་ཚེ་རིང་ལགས་ཀྱིས་གསར་འགོད་གསལ་བསྒྲགས་གནང་རྗེས། སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་དང་ཚེ་རིང་གཡུ་སྒྲོན་ལགས་རྣམ་གཉིས་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་དེའི་དམིགས་ཡུལ་དང་འབོད་སྐུལ་སོགས་ངོ་སྤྲོད་ཞིབ་ཕྲ་གསལ་བཤད་གནང་བ་མ་ཟད། སྤྱི་འཐུས་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་ལྷག་པར་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་བོད་མི་རྣམས་ཀྱིས་རང་ལུས་མེར་སྲེག་གིས་ལམ་ནས་ཞི་རྒོལ་བསྟུད་མར་གནང་བཞིན་ཡོད་སྐོར་སོགས་ཞིབ་ཕྲ་འགྲེལ་བཤད་གནང་རྗེས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་དང་གསལ་བཤད་གང་ལེགས་གནང་ཡོད།
ཉིན་རྒྱབ་སྤྱི་འཐུས་རྣམ་པས་ཀར་ཎཱ་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་འཇག་དི་ཤི་ཤེ་ཊར་ (Mr. Jagadish Shettar) མཆོག་དང་མཇལ་འཕྲད་གནང་ཡོད། སྐབས་དེར་བློན་ཆེན་མཆོག་གིས་བོད་མིའི་སྐུ་ཚབ་འཐུས་མི་རྣམ་པར་བློན་ཆེན་ལས་ཁུངས་སུ་སྣེ་ལེན་གཟབ་རྒྱས་ཞུས་ཡོད། མཇལ་འཕྲད་སྐབས་བོད་མིའི་སྐུ་ཚབ་རྣམ་པས་བོད་དོན་ཞུ་སྙན་ཞིག་ཕུལ་ཡོད་པ་མ་ཟད། འཚེ་མེད་ཞི་བའི་ལྟ་གྲུབ་སྐོར་༸གོང་ས་མཆོག་དང་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དིའི་བཀའ་སློབ་འཁོད་པའི་དཔེ་དེབ་‘(Mahatma Gandhi and His Holiness the Dalai Lama: Non-Violent and Compassion)’གཅིག་དང་། བོད་ཀྱི་གནད་དོན་སྐོར་གྱི་དཔེ་དེབ་‘(Understanding the issue of Tibet)ཞེས་པའི་དཔེ་དེབ་གཉིས་ཕྱག་རྟགས་སུ་ཕུལ།
དེ་བཞིན་སྐབས་དེར་སྤྱི་འཐུས་རྣམ་པས་ད་ལྟ་བོད་ནང་གི་ཛ་དྲ་གནས་སྟངས་སྤྱི་དང་ལྷག་པར་བོད་མི་ཚོས་རྒྱ་ནག་གཞུང་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཞིབ་ཕྲ་གསལ་བཤད་གནང་བ་དང་སྦྲགས། རྒྱ་གར་དབུས་སའི་ཆབ་སྲིད་དབུ་ཁྲིད་རྣམ་པས་རྒྱ་ནག་གཞུང་དང་འབྲེལ་བ་གནང་སྐབས། བོད་དོན་ཐོག་ལངས་ཕྱོགས་སྔར་བས་ཤུགས་ཆེ་བ་དང་སྲ་བརྟན་བཟུང་ཐུབ་ཐབས་གནང་རྒྱུ་ནི་བྱུང་རབས་ལོ་རྒྱུས་ཐོག་རང་བཞིན་གྱིས་གལ་གནད་ཆེན་པོ་ཆགས་ཡོད་སྐོར་ཞུས་པ་མ་ཟད། ཀར་ཎཱ་ཊ་ཀ་མངའ་སྡེའི་གཞུང་མང་གཉིས་ཀྱིས་འདས་པའི་མི་ལོ་ ༥༠ རིང་བོད་མི་བཙན་བྱོལ་བ་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུས་པ་དང་ལྷན་འབྱུང་འགྱུར་མུ་མཐུད་བོད་མི་དང་བོད་དོན་ཆེད་རྒྱབ་སྐྱོར་གནང་རྒྱུའི་རེ་འདུན་ཞུས་པ་ལྟར། བློན་ཆེན་མཆོག་ནས་ཀྱང་བོད་མིའི་འཐབ་རྩོད་ལ་གང་ཐུབ་རྒྱབ་སྐྱོར་ཞུ་རྒྱུའི་ཁས་ལེན་ཡང་གནང་ཡོད།
ཕྱེད་ཡོལ་བོད་མིའི་སྐུ་ཚབ་རྣམ་པས་ཀར་ཎཱ་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་བྷི་ཨེ་སི་ཡེ་དི་ཡུ་རབ་པ་ (Mr. B.S. Yeddyurappa) མཆོག་དང་། མངའ་སྡེའི་ནུས་ཤུགས་བློན་ཆེན་ལྕམ་སྐུ་ཤོ་བྷ་ཀ་རན་དེ་ལ་གེ་ (Ms. Shobha Karandlage) མཆོག མངའ་སྡེའི་ཟོ་ལས་བློན་ཆེན་སྐུ་ཞབས་མུ་རུ་གེ་ཤ་ནི་རཱ་ནི་ (Mr. Murugesh Nirani) མཆོག་སོགས་ལ་མཇལ་འཕྲད་ཀྱིས་བོད་མིའི་སྤྱི་འཐུས་རྣམ་པས་ཁོང་རྣམ་ལ་གསོལ་སྟོན་ཞིག་ཀྱང་ཕུལ་ཡོད། གསོལ་སྟོན་སྐབས་བོད་མིའི་སྐུ་ཚབ་རྣམ་པས་སྐུ་མགྲོན་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་བ་མ་ཟད། བློན་ཆེན་རྣམས་ནས་ཀྱང་བོད་ཀྱི་གནད་དོན་ཐོག་སེམས་འཚབ་ཡོད་པ་ཙམ་མ་ཟད། གང་ཐུབ་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་ཡང་གནང་ཡོད།
སྐབས་དེར་མངའ་སྡེའི་བློན་ཆེན་ཟུར་པ་མཆོག་གིས་གསུང་དོན། རྒྱ་གར་དབུས་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་སྔར་བས་ཤུགས་ཆེ་རུ་གནང་དགོས་གལ་ཆེ་བ་དང། བོད་མིའི་དབུ་ཁྲིད་ཚོས་ངོས་ནས་ཀྱང་དབུས་ཀྱི་ཆབ་སྲིད་དབུ་ཁྲིད་ཚོ་དང་ཡང་ཡང་མཇལ་འཕྲད་ཀྱིས་བོད་ནང་གི་གནས་སྟངས་དུས་ཐོག་གསལ་བཤད་གནང་ཐབས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས། དེ་བཞིན་ནུས་ཤུགས་བློན་ཆེན་མཆོག་ནས་ཀྱང་སྐབས་དེར་ལྕམ་སྐུ་རང་ཉིད་སྐུ་སྒེར་ལྟ་བུར་མཚོན་ན། བོད་དུ་ཐེངས་གཉིས་ཕེབས་མྱོང་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་དངོས་སུ་གཟིགས་ཡོད་སྐོར་གསལ་བཤད་གནང་བ་དང་སྦྲགས། རྒྱ་ནག་གཞུང་ལ་བོད་ས་མ་གཏོགས་བོད་མི་དགོས་ཀྱི་མེད་པར་བརྟེན། ཁོང་ཚོས་བོད་མིའི་བདེ་དོན་ཐོག་བསམ་བློ་གཏོང་གི་མེད། རྒྱ་ནག་གཞུང་གིས་རྒྱ་གར་ཧི་མཱ་ལའི་ས་མཚམས་སུ་བཙན་འཛུལ་བྱས་པ་མ་ཟད། བསམ་ངན་འཆང་སྟེ་རྒྱ་གར་ལ་ཆེད་མངགས་མིང་ཤས་ངན་བཟོ་ཆེད་དྲིལ་བསྒྲགས་ལོག་པ་སྤེལ་བཞིན་ཡོད་སྐོར་གསུངས།
གཞན་ཡང་ཕྱི་ཚེས་ ༣ ཉིན་བོད་མི་མང་སྤྱི་འཐུས་རྣམ་པས་ཀར་ཎཱ་ཊ་ཀ་མངའ་སྡེའི་སྲིད་སྐྱོང་ (Governor) སྐུ་ཞབས་ཨེ་ཆི་ཨར་བྷ་ར་དི་ཝ་ཇི་ (Mr. H.R. Bhardwaj) མཆོག་དང་མཇལ་འཕྲད་གནང་ཡོད། ཆུ་ཚོད་གཅིག་ཙམ་གྱི་མཇལ་འཕྲད་སྐབས་བོད་མིའི་སྐུ་ཚབ་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞིབ་ཕྲ་ཡིག་ངག་གཉིས་ཐོག་ནས་གསལ་བཤད་ཞུ་སྐབས་གསན་འཇོག་གང་ལེགས་གནང་བ་མ་ཟད། སྲིད་སྐྱོང་མཆོག་གིས་བོད་དོན་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་སྔར་བས་ཤུགས་ཆེ་རུ་ཐོབ་རྒྱུའི་རེ་བ་ཡོད་སྐོར་གསུངས་པ་དང་སྦྲགས། ང་ཚོས་དུས་རྟག་ཏུ་བོད་ཀྱི་གནད་དོན་དེར་སེམས་ཐག་ཉེ་པོ་བྱེད་བཞིན་ཡོད་པ་མ་ཟད། བོད་མི་ཚོར་རང་གི་མི་ལྟར་བརྩེ་གདུང་བྱེད་བཞིན་ཡོད། ལར་ནས་བོད་མི་ཚོས་ང་ཚོར་དཀའ་ངལ་གྱི་དུས་སྐབས་སུ་རོགས་བྱས་པ་དེ་དག་ང་ཚོས་དུས་ནམ་ཡང་བརྗེད་ཐབས་མེད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་བྱམས་བརྩེའི་བསམ་པ་ཧ་ཅང་ཤུགས་ཆེན་པོ་ཡོད་པའི་འཛམ་གླིང་ནང་འཚེ་མེད་ཞི་བ་གོང་འཕེལ་གཏོང་གནང་མཛད་མཁན་གྱི་ཕོ་ཉ་ལྟ་བུ་ཡིན། ཁོང་རྒྱ་གར་དུ་སྐུ་འཚོ་བཞུགས་མཛད་པ་ནི་རྒྱ་གར་ལ་སྙིང་སྟོབས་དང་བློ་སྤོབས་སྐྱེ་གཞི་གཅིག་ཆགས་ཡོད། ཁོང་གི་རྗེས་འབྲང་པ་བོད་མི་རྣམས་ནི་ང་ཚོའི་སྤུན་མཆེད་ལྟ་བུར་ངོས་འཛིན་བྱེད་བཞིན་ཡོད། ཅེས་གསུངས་པ་མ་ཟད། བོད་མིས་རང་ལུས་མེར་སྲེག་བཏང་བ་དེར་བློ་འཚབ་ཧ་ཅང་ཆེན་པོའི་ཐོག་ནས་བོད་མི་རྣམས་ད་ཆ་རང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩོད་ཆེད་རང་ལུས་མེར་སྲེག་གཏོང་དགོས་པ་ཆགས་ཡོད། འདི་ནི་ཧ་ཅང་བློ་ཕམ་གྱི་གནས་ཤིག་ཡིན་། ཞེས་གསུངས།
མཐར་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱིས་བོད་མིར་རྒྱབ་འགལ་ནམ་ཡང་བྱ་རྒྱུ་མིན་པ་མ་ཟད། འཛམ་གླིང་མི་མང་ཚོ་བོད་མིའི་རྒྱབ་ཏུ་ཡོད། ཅེས་གསུངས། གཞན་ཡང་སྲིད་སྐྱོང་མཆོག་གིས་བོད་མིའི་སྐུ་ཚབ་རྣམས་རྒྱ་གར་གྱི་ཆོས་ལུགས་མཐུན་སྒྲིལ་སྐོར་གྱི་དཔེ་དེབ་བརྩམས་པ་ཞིག་ཕྱག་རྟགས་སུ་ཕུལ་ཡོད་པ་བཅས།།