༢༠༡༣ ཟླ་ ༡ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །རྒྱ་གར་རཱ་ཇེ་སི་ཐཱན་གྱི་མངའ་སྡེའི་གྲོང་ཁྱེར་ཇེའི་པུར་ནང་ (Jaipur) ལོ་ལྟར་ཡུ་རོབ་དང་ཨ་རི། ཨེ་ཤི་ཡ། ཨ་ཕི་རི་ཀ་སོགས་འཛམ་གླིང་ས་ཕྱོགས་གང་ས་ནས་རྒྱལ་ཁབ་འདྲ་མིན་གྱི་རྩོམ་པ་པོ་གྲགས་ཅན་དང་། མཁས་དབང་། དེ་བཞིན་ཆོས་དང་ཆབ་སྲིད། དཔལ་འབྱོར། རིག་གནས་སོགས་སྒྲིག་འཛུགས་འདྲ་མིན་ནང་སྙན་གྲགས་ཡོད་པའི་གནད་ཡོད་མི་སྣ་མང་དག་ཅིག་འདུ་འཛོམས་ཀྱིས་རྩོམ་རིག་སྒྱུ་རྩལ་གྱི་དུས་སྟོན་ (Jaipur Literature Festival) སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། འདི་ལོའི་དུས་སྟོན་མཛད་སྒོའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༤ ཉིན་ཁུལ་དེར་༸ཞབས་སོར་འཁོད་ཡོད།
མཛད་སྒོའི་སྐབས་སྟོན་པ་ཤཀྱཱ་ཐུབ་པའི་གསུང་གིས་རྩོམ་རིག་སྒྱུ་རྩལ་གྱིས་ཤུགས་རྐྱེན་ཇི་འདྲ་ཐེབས་མིན་གྱི་བརྗོད་གཞིའི་ཐོག་གི་བགྲོ་གླེང་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་མཛད་པ་དང་སྦྲགས། ཆོས་ལུགས་མཐུན་སྒྲིལ་སྐོར་ལམ་སྟོན་བཀའ་སློབ་ཀྱང་སྩལ་ཡོད། ཕྱི་ཚེས་ ༢༤ ། ༢༨ བཅས་ཉིན་ལྔའི་མཛད་སྒོའི་རིང་ནང་ཆོས་ཀྱིས་ལྟ་གྲུབ་རྣམ་གཞག་དང་རྩོམ་རིག་ལ་ཤུགས་རྐྱེན་གང་འདྲ་བྱུང་ཚུལ་ཐོག་བགྲོ་གླེང་གནང་རྒྱུ་ཡིན་འདུག
དེ་ཡང་ཐེངས་འདིར་ཇེའི་པུར་རྩོམ་རིག་སྒྱུ་རྩལ་གྱི་དུས་སྟོན་གོ་སྒྲིག་ཚོགས་ཆུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཛད་སྒོར་གདན་འདྲེན་ཞུས་ཡོད་པ་ལྟར་༸གོང་ས་མཆོག་གིས་དགོངས་ཚུལ་བཀའ་སློབ་སྩལ་དོན། ངོས་ཀྱི་མི་ཚེ་ཧྲིལ་པོའི་ནང་རྩོམ་རིག་གིས་ཤུགས་རྐྱེན་ཧ་ཅང་ཡོད། ངོས་རང་བྱིས་པའི་གནས་སྐབས་ནས་དཔེ་དེབ་ཀློག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་དང་། སྔོན་གྱི་མཁས་པ་དང་ལོ་རྩྭ་བ་རྣམས་ཀྱིས་སྟོན་པའི་བཀའ་མང་དག་ཅིག་བོད་སྐད་ཐོག་ཕབ་བསྒྱུར་མཛད་པར་བཀའ་དྲིན་ཧ་ཅང་དྲན་བཞིན་ཡོད། ཅེས་བཀའ་སློབ་སྩལ་ཡོད་པ་བཅས།།