༢༠༡༣ ཟླ་ ༡ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༢ ཉིན་གདན་ས་ཆེན་མོ་དཔལ་ལྡན་འབྲས་དཀར་སྤུངས་པའི་གླིང་དུ་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཡོངས་སུ་ལེགས་གྲུབ་ཟིན་རྗེས་ཕྱི་ཚེས་ ༢༢ ཉིན་ཁུལ་དེ་ནས་གྷོ་ཝར་ཆིབས་ཞལ་བསྒྱུར་ཏེ། ཕྱི་ཚེས་ ༢༣ ཉིན་མགོན་པོ་གང་ཉིད་མཆོག་ཁུལ་དེ་ནས་རྒྱ་གར་གྱི་ཚོང་འབྲེལ་གྲོང་ཁྱེར་དུ་གྲགས་པ་མུམ་བྷེའི་ནང་རྟེན་གཞི་བྱས་པའི་སེན་ཛེ་ཝིར་ཞེས་ཡི་ཤུའི་གཙུག་ལག་སློབ་གྲྭ་ (St Xavier’s College Mumbai) ཆེན་མོའི་ནང་༸ཞབས་སོར་འཁོད་སྐབས། གཙུག་ལག་སློབ་གྲྭའི་གཙོ་འཛིན་སྐུ་ཞབས་ཕ་རེ་ཛར་མ་སི་ཀར་རན་ཧ་སི་ (Fr Frazer Mascarenhas) མཆོག་གིས་༸གོང་ས་མཆོག་གཙུག་ལག་སློབ་གྲྭའི་རྭ་བའི་ནང་གདན་ཞུས་ཀྱིས་ཚོགས་ཁང་དུ་སྣེ་ལེན་ཞུ་སྐབས། དགེ་ལས་དང་ལྷན་སློབ་ཕྲུག་རྣམས་ཀྱིས་དགའ་བསུའི་ཐལ་མོ་བརྡབས་ཏེ་མགོན་པོ་གང་ཉིད་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱངས་པར་དགའ་སྤྲོའི་འཚམས་འདྲི་ཞུས་ཡོད།
དེ་ཡང་ཐོག་མར་གཙུག་ལག་སློབ་གྲྭའི་གཙོ་འཛིན་མཆོག་གིས་ངོ་སྤྲོད་ཀྱི་གསུང་བཤད་གནང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དེང་དུས་ཤེས་ཡོན་ཐོག་སེམས་བཟང་དུ་གཏོང་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་བ་ནི་ཇེ་སུ་ཊི་ (Jesuit tradition) རིག་གཞུང་དང་གཅིག་མཚུངས་ཤིག་ཆགས་ཡོད། སྐུ་ཉིད་མཆོག་དེ་རིང་འདིར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་ནི་དེང་སྐབས་འཛམ་གླིང་ནང་དམ་པའི་ཡོན་ཏན་ལྡན་པའི་གང་ཟག་ཁྱད་པར་བ་འགའ་ཤས་ཡོད་ཁོངས་ནས་གཅིག་ཆགས་ཡོད། དེ་རིང་སྐུ་ཉིད་མཆོག་གིས་ང་ཚོར་དུས་རབས་ཉེར་གཅིག་ནང་བླང་དོར་གང་འདྲ་བྱེད་དགོས་མིན་སྐོར་གྱི་བཀའ་སློབ་སྩལ་སྐྱོང་ཡོང་བའི་གསོལ་འདེབས་ཞུ་རྒྱུ་ཡིན། ཞེས་ཞུས་ཡོད།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ན་གཞོན་ཆོས་གྲོགས་ཕོ་མོ་ཚོ། ངོས་ལ་ཁྱེད་ཚོ་དང་འདྲ་བ་མི་གཞན་སུ་དང་ཐུག་སྐབས། ང་ཚོ་ཚང་མ་འཛམ་གླིང་གི་མི་འབོར་ཐེར་འབུམ་བདུན་ཡོད་པའི་འགྲོ་བ་མི་རིགས་གཅིག་མཚུངས་ཤིག་ཡིན་བསམ་པའི་འདུ་ཤེས་ཡོང་གི་འདུག ང་ཚོ་ཚང་མར་འགྲོ་བ་མིའི་ལུས་སེམས་དང་སེམས་ཚོར་གཅིག་མཚུངས་སུ་ཡོད་ཅིང། ཚང་མས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་བསྐྱལ་འདོད་ཡོད་པ་མ་ཟད། དེ་བསྒྲུབ་རྒྱུའི་ཐོབ་ཐང་ཡང་གཅིག་མཚུངས་སུ་ཡོད། འོན་ཀྱང་ད་དུང་ང་ཚོར་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་ཁོངས་ནས་མང་པོ་ཞིག་མིས་བཟོས་པ་ཆགས་ཡོད། དཀའ་ངལ་དེ་འདྲ་ཡོང་དོན་གང་ཡིན་ཞེ་ན། ང་ཚོས་མི་ཕན་ཚུན་རིགས་རུས་དང། མི་རིགས། ཆོས་དད་མི་འདྲ་བ་ཡོད་པ་དང། དེའི་ནང་ནས་དབུལ་ཕྱུག་དང། ཤེས་ཡོན་ཡོད་མེད། སོགས་མི་འདྲ་བ་ཡོད་པའི་རྒྱུ་ཚན་ལྟར་སྣང་ཙམ་ལ་ཞེན་ཆགས་ཤུགས་ཆེར་འཛིན་ཏེ། ང་ཚོ་ཚང་མ་འགྲོ་བ་མིའི་ཁྱིམ་ཚང་གཅིག་ནང་གི་མི་ཡིན་པའི་དངོས་ཡོད་གནས་ཚུལ་དེ་སྣང་མེད་དུ་བཞག་ནས། ཕན་ཚུན་ཐུབ་ཚོད་དང་མགོ་སྐོར་བསླུ་བྲིད་སོགས་བྱེད་བཞིན་ཡོད། དེ་ལྟར་བྱས་ན་བདེ་སྐྱིད་ཇི་འདྲ་ཡོང་ཐུབ། ད་ཆ་ང་ཚོ་དུས་རབས་ ༢༡ ནང་བསླེབས་ཡོད། ཤེས་ཡོན་དང་འཕྲུལ་རིག་ཡར་རྒྱས་འགྲོ་སྟངས་ལ་གཞིགས་ཚེ་སྔར་བས་བདེ་སྐྱིད་ཆེ་བ་ཞིག་ཡོང་དགོས་ཚོད་ཡིན་ནའང། འབྱོར་ལྡན་མང་པོ་ཞིག་གི་སེམས་ནང་བདེ་སྐྱིད་ཀྱིས་ཕོངས་པ་དེ་འདྲ་ཡོང་བཞིན་ཡོད། ཁོང་ཚོ་དུས་རྟག་ཏུ་སེམས་ཁྲལ་དང་རེ་དོགས་ལུ་གུ་རྒྱུད་ནས་གནས་བཞིན་ཡོད། ང་ཚོ་འགྲོ་བ་མི་རིགས་ནི་སྤྱི་ཚོགས་ལ་བརྟེན་ནས་འཚོ་གནས་དགོས་པ་ཞིག་ཡིན། ཕྱི་དངོས་པོའི་མཐུན་རྐྱེན་གཅིག་པུས་བདེ་སྐྱིད་སྐྲུན་མི་ཐུབ། མཚམས་རེ་དུད་འགྲོ་ཚོ་འཇིགས་སྣང་དང་ཉེན་ཁ་མེད་པའི་གནས་སྐབས་སུ་མི་ལས་སྐྱིད་པ་ཡོད་པ་ངོས་ལ་ཚོར་སྣང་ཡོང་གི་འདུག ཕྱོགས་གཞན་ནས་ང་ཚོ་འགྲོ་བ་མིའི་རིགས་ལ་ལེགས་ཉེས་བླང་དོར་འབྱེད་པའི་ཀླད་པ་ཞིག་ཡོད། མིའི་ཀླད་པ་ནི་ངོ་མཚར་ཅན་ཞིག་ཡིན། ཤེས་ཡོན་ཐོག་ནས་ང་ཚོའི་ཤེས་རབ་ཀྱི་སྒོ་མོ་ཡངས་པོར་འབྱེད་ཐུབ་ཀྱང་དེང་དུས་ཤེས་ཡོན་ལམ་ལུགས་ནང་མ་འདང་པའི་ཆ་ཞིག་ཡོད་པ་ནི་སེམས་ནང་བཟང་སྤྱོད་ཀྱི་ལྟ་ཚུལ་འདང་གི་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་དང་སྦྲགས། བོད་ཀྱི་གནད་དོན་ཐོག་བཀའ་སློབ་སྩལ་དོན། ངོས་རང་ལོ་ ༡༦ སྐབས་རང་དབང་བརླགས་སོང། དེ་རྗེས་ལོ་ ༢༤ སྐབས་རྒྱལ་ཁབ་ཤོར་བ་རེད། ད་ཆ་ངོས་ཀྱི་ཕ་ཡུལ་བོད་ནང་དུ་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ནའང། བོད་མི་ཚོས་མུ་མཐུད་ངོས་ལ་ཡིད་ཆེས་དང་རེ་བ་བཅོལ་བཞིན་ཡོད་པར་བརྟེན། ངོས་ལ་འགན་ལྕི་མོ་ཞིག་ཡོད། ཅེས་སོགས་ཀྱི་བཀའ་སློབ་དང་སློབ་ཕྲུག་གི་དྲི་བར་བཀའ་ལན་སྩལ།
མཐའ་དོན་༸གོང་ས་མཆོག་གིས་སློབ་ཕྲུག་ཚོར་འབོད་སྐུལ་མཛད་དོན། འདིར་འཁོད་ང་ཚོ་ལོ་ན་ ༥༠།༦༠ བརྒལ་བ་རྣམས་དུས་རབས་ ༢༠ མི་ཆགས་ཡོད། དུས་རབས་དེ་ད་ཆ་དྲན་པའི་ཡུལ་ལས་བཅོས་ཐབས་བྲལ། དེར་བརྟེན་དུས་རབས་དེའི་ནང་གང་བྱུང་ཟིན་པའི་བྱུང་རབས་ནས་བློ་སྐྱེད་ལེན་རྒྱུ་ཙམ་ལས་མ་འདས། ད་ཆ་དུས་རབས་ ༢༡ ནང་གི་གཞོན་སྐྱེས་ཚོས་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་བྱམས་བརྩེ་དང་གྲོས་མོལ་གྱི་ལམ་ནས་སེལ་ཏེ། མིས་བཟོས་པའི་དཀའ་ངལ་ཇེ་ཉུང་དུ་གཏང་སྟེ་འཛམ་གླིང་ཞི་བདེ་ལྡན་པ་ཞིག་བསྐྲུན་རྒྱུའི་འཆར་སྣང་ཞིག་ངེས་པར་དུ་འཛིན་དགོས། དེར་བརྟེན་མ་འོངས་པའི་གནས་སྟངས་བཟང་ངན་ཇི་འདྲ་ཡོང་མིན་ཁྱེད་ཚོ་གཞོན་སྐྱེས་ཚོའི་ལག་ཏུ་ཡོད། ཅེས་བཀའ་སློབ་ཟབ་རྒྱས་སྩལ་ཡོད་པ་བཅས།།