༢༠༡༣ ཟླ་ ༡ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་དཀར་སྤུངས་པའི་བླ་སྤྱིའི་འདུ་ཁང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་ ༢༦ པ་འཚོགས་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༢ ཉིན་བགྲོ་གླེང་ལྷན་ཚོགས་མཇུག་བསྒྲིལ་ཉིན་མགོན་པོ་གང་ཉིད་མཆོག་གིས་དགེ་འདུན་པ་ཚོས་ཀྱང་ཚན་རིག་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་ལམ་སྟོན་བཀའ་སློབ་སྩལ་དོན། དེ་རིང་བགྲོ་གླེང་ལྷན་ཚོགས་ཀྱི་ཉིན་མཐའ་མ་རེད། ང་ཚོའི་མེས་པོ་གོང་མ་ཚོས་སྐུ་ལས་བསྐྱོན་པའི་ནང་པ་སངས་རྒྱས་པའི་ཆོས་དང་རིག་གཞུང་འཛམ་གླིང་འདིའི་ཐོག་གཅེས་ནོར་ཆགས་ཡོད་པའི་གཞུང་ཆེན་ཁག་ལ་སློབ་གཉེར་བྱེད་མཁན་ཚོས་དེ་དག་ངོས་འཛིན་ཐུབ་པའི་ཐོག་ནས་བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་བཟང་པོ་དེ་དག་ལ་བདག་གཅེས་བྱེད་དགོས། གང་ལ་ཞེ་ན། དེས་བོད་མི་སྤྱི་སྒེེར་དང་བོད་མིའི་མཚན་མཐོང་ལ་རྒྱར་ཕན་ཐོགས་ཡོང་གི་ཡོད། དེར་བརྟེན་ང་ཚོའི་ཁ་རྒྱུན་ལ་མ་རྒན་སེམས་ཅན་ཐམས་ཅད་ཅེས་པའི་གོམས་གཤིས་ཤིག་ཡོད་པ་དེས་རང་ཉིད་དང་སྤྱི་ཚོགས་ལ་ཕན་གྱི་ཡོད། ང་ཚོ་བོད་པ་ཧ་ཅང་ཐབས་སྐྱོ་པོ་ཞིག་གི་ཐོག་གནས་ཡོད། འོན་ཀྱང་བློ་གཟུ་བོར་གནས་པ་མང་དག་ཅིག་གིས་བོད་པར་གོམས་གཤིས་སེམས་བཟང་པོ་ཞིག་དང་དྲང་པོ་བྱེད་མཁན་མི་འདྲ་བ་ཞིག་འདུག ཅེས་བརྗོད་ཀྱི་འདུག སྤྱིར་བཏང་ང་ཚོ་བོད་པའི་ནང་ལ་ཆ་བཞག་ན། མ་རབས་དང་ཁྲམ་པ་གང་བྱུང་མ་བྱུང་བྱེད་མཁན་དེ་འདྲ་ཡོད། འོན་ཀྱང་སྤྱི་ཡོངས་ཐོག་ནས་བཤད་ན། བོད་པའི་སྤྱི་ཚོགས་ལ་བཟང་པོའི་ཡོན་ཏན་དྲང་པོ་དང་སེམས་བཟང་པོ་བྱ་རྒྱུ་ཞིག་ཡོད། དེ་དག་ང་ཚོས་བདག་པོ་རྒྱག་རིན་ཡོད་པ་ཞིག་རེད། དེ་རྣམས་དངུལ་སྤྲད་ནས་ཉོ་ཐབས་མེད།
དེ་བཞིན་ཤེས་ཡོན་གཅིག་པུས་ཡོང་ཐབས་མི་འདུག ང་ཚོ་བོད་པ་སྤྱི་སྒེར་ཚང་མས་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་པའི་མཚན་མཐོང་ང་ཚོས་རྩམ་པ་བཟས་པ་དང་ང་ཚོ་ཤུགས་ཆེ་བ་བྱས་ཏེ་འཛམ་གླིང་ལ་སྐད་གྲགས་ཆོད་པ་བཟོ་ཐབས་མེད། དེར་བརྟེན་ང་ཚོ་བོད་པའི་གོམས་གཤིས་དང་རིག་གཞུང་ཟེར་ནའང་མི་འདུག གང་ལྟར་གཞན་ཕན་བྱ་རྒྱུ་ཞེས་པའི་སྐད་ཆ་དེ་ཕན་ཐོགས་ཡོད་པ་ཞིག་ཚན་རིག་པ་ཚོའི་ཐོག་ནས་དངོས་སུ་བརྟག་དཔྱད་བྱས་ཏེ་གྲུབ་འབྲས་ཐོན་ཡོང་སྐབས། ང་ཚོའི་མི་རབས་ནས་མི་རབས་བར་བཤད་པ་དེ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་པ་ཞིག་ར་འཕྲོད་ཡོང་གི་ཡོད། དེར་བརྟེན་ངོས་ཀྱིས་དམིགས་བསལ་ཆོས་དང་མ་འདྲེས་པའི་ཡ་རབས་སྤྱོད་བཟང་གོང་འཕེལ་གཏོང་རྒྱུའི་རྒྱུ་མཚན་གཙོ་བོ་དེ་ཚན་རིག་པ་ཚོས་དངོས་སུ་བརྟག་དཔྱད་བྱེད་སྐབས། སེམས་པ་བཟང་པོ་ཡོད་ན་སེམས་སྐྱིད་པ་དང་ལུས་པོ་བདེ་བ་ཡོང་གི་ཡོད་པའི་སྐད་ཆ་ཤོད་ཀྱི་ཡོད། ང་ཚོ་ཚན་རིག་པ་དང་མཉམ་དུ་ཐུག་སྟེ་བགྲོ་གླེང་དང་ཚན་རིག་ལ་སློབ་སྦྱོང་བྱ་རྒྱུ་དེ་རྩ་བའི་ང་ཚོའི་དམིགས་ཡུལ་གཞན་ཕན་བསྒྲུབ་རྒྱུ་དེ་བཞག་ནས་ཡོང་སྐབས། ཁམས་དང་མོས་པར་འཚམ་པའི་གདུལ་བྱ་ཡིན་ནའང་འདྲ། དེ་བཞིན་ང་ཚོའི་དམིགས་ཡུལ་བསྒྲུབ་རྒྱུ་དེ་དག་ལ་རྒྱུ་མཚན་བཤད་པ་ལས་དངོས་སུ་མིག་གིས་མཐོང་རྒྱུ་ཡོད་པ་བྱུང་ན་ངེས་པ་བསྟེན་རྒྱུར་ཕན་ཐོགས་ཡོད་སྟབས། ང་ཚོས་ཚན་རིག་སློབ་སྦྱོང་དགོས་ཀྱི་འདུག ཅེས་པའི་སྐད་ཆ་ཤོད་ཀྱི་ཡོད། བོད་པ་རང་ངོས་ནས་བཤད་ནའང། མ་འོངས་པར་ང་ཚོ་གཞིས་བྱེས་མཉམ་འཛོམས་བྱུང་བ་ཡིན་རུང་། དེ་སྔའི་ང་ཚོའི་ཆོས་ཤོད་སྟངས་དེ་ཡོང་རྒྱུ་ཕལ་ཆེར་ཁག་པོ་རེད། རྒྱ་གར་གྱི་མཁས་པ་ཚོས་དགག་བཞག་བྱས་ནས་ནང་ཆོས་འགྲེལ་བཤད་རྒྱག་གི་ཡོད་པ་དེའི་ཐོག་འགྲོ་རྒྱུ་རེད། ཇོ་བོ་རྗེས། ལམ་སྒྲོན་མཛད་སྐབས། ནང་པ་གཞི་བཞག་གནང་སྟེ་ནང་པའི་ཆོས་ནས་གསུངས་པ་དེར་དོགས་པ་ཐེ་ཚོམ་མེད་པའི་ལམ་སྒྲོན་གྱི་ཁྲིད་སྟངས་དེ་དང་རྒྱ་གར་མཁས་པའི་གཞུང་བརྡར་ཤ་གཅོད་བཞིན་འགྲོ་རྒྱུ་གཉིས་པོ་དེའི་ནང་ནས་ང་ཚོས་བརྡར་ཤ་ཆོད་དེ་འཚར་ལོངས་བྱུང་བའི་གཞུང་རྣམས་འབྱུང་འགྱུར་གྱི་དུས་ཚོད་ནང་དེ་དག་དགོས།
དེར་བརྟེན་གཞུང་ཆེན་བལྟ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་རིགས་ན་གཞོན་སློབ་ཕྲུག་ཚོས་ནང་དོན་རིག་པའི་གཞུང་ལུགས་ཁག་ལ་ཐོས་བསམ་སློབ་གཉེར་བྱེད་དགོས། ངོས་ཀྱིས་གཞུང་ཆེན་སློབ་གཉེར་བྱ་རྒྱུར་ཡིན་གཅིག་མིན་གཅིག་གྲྭ་པ་དང་ཨ་ནེ་བྱེད་དགོས་བརྗོད་ཀྱི་མེད། གྲྭ་པ་དང་ཨ་ནེ་བྱས་ནས་གདན་ས་ཁག་ནང་བཞུགས་ཏེ་དམིགས་བསལ་རིགས་གཅིག་རྐང་འཛིན་གྱི་ཁེ་ཕན་དང་ཁྱད་ཆོས་ཡོད། ཡང་ཁྱིམ་པ་ཕོ་མོའི་རྟེན་གྱི་ཐོག་ནས་སློབ་སྦྱོང་བྱ་རྒྱུ། དེ་སྔ་ང་ཚོ་བོད་ལ་ཆ་བཞག་ན། ཁྱིམ་པའི་ནང་ནས་མཁས་པ་དེ་འདྲ་བྱུང་ཡོད། གང་ལྟར། ནང་དོན་རིག་པ་ང་ཚོས་བོད་ནང་དུ་ལོ་ངོ་སྟོང་ཕྲག་རིང་ཉར་ཚགས་བྱས་པ་དེར་དོ་སྣང་བྱས་ཐོག་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་ནུབ་ཕྱོགས་པའི་ལྟ་གྲུབ་དང་ཚན་རིག་གི་རྣམ་གཞག་གཞུང་ཆེན་སློབ་མཁན་ཚོས་དེ་དག་ངེས་པར་དུ་ཤེས་དགོས། རང་ངོས་ནས་ཆ་བཞག་ན། སོ་སོའི་རང་ལུགས་ཡོད་པ་དེ་སྒྲོ་འདོགས་ཆོད་རྒྱུར་ཕན་ཐོགས་ཡོད་པ་ཙམ་མ་ཟད། དེའི་ནང་ལེགས་ཆ་གསར་པ་དེ་འདྲ་ཚུར་ལེན་རྒྱུ་ཡོད་པ་ཞིག་དང་། གཞན་རྗེས་སུ་འཛིན་པར་ངེས་པར་དུ་དགོས་པ་ཞིག་རེད། དེ་ལྟ་བུའི་ཐོག་བར་སྐབས་བཤད་གྲྭ་ཁག་ནང་ཚན་རིག་སློབ་སྦྱོང་བསླབ་ན་ཡག་པོ་འདུག་ཅེས་སོ་སོ་སྒེར་ཐོག་ནས་སྤོབས་པ་རྙེད་པ་མ་ཟད། གདེང་ལྟ་བུ་གང་ཙམ་འཁེལ་ནས་དེ་ལྟར་འབོད་སྐུལ་བྱས་པ་ཡིན།
ད་བར་ཚན་རིག་གི་མཁས་དབང་རྣམ་པ་དང་བོད་ཀྱི་དགོན་སྡེ་ཁག་གི་མཁས་དབང་རྣམ་པའི་དབར་ཤེས་མྱོང་ཕན་ཚུན་སྤེལ་རེས་བྱེེད་སྐབས། ཕལ་ཆེར་ལོ་ཉི་ཤུ་སུམ་ཅུ་གོང་ངོས་ཀྱིས་ཚོད་དཔག་བྱ་རྒྱུ་དེ་ལས་ཚད་ཡོངས་སུ་བརྒལ་ནས་འགྲོ་གི་ཡོད་པ་ཞིག་ཕལ་ཆེར་ཆགས་ཀྱི་འདུག ཅེས་བཀའ་སློབ་སྩལ་ཡོད།
ཉིན་དྲུག་གི་བགྲོ་གླེང་ལྷན་ཚོགས་ཡོངས་སུ་མཇུལ་སྒྲིལ་གྲུབ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁོར་དང་ལྷན་མོན་གྷོ་ནས་ཆིབས་ཞལ་བསྒྱུར་ཏེ་གྷོ་ཝ་དང་དེ་ནས་མུམ་བྷེལ་བརྒྱུད་ར་ཇི་སི་ཐན་གྱི་མངའ་སྡེ་ཇཱ་པུའི་གྲོང་ཁྱེར་ནང་ཕྱི་ཚེས་ ༢༤ ཉིན་རྩོམ་སྒྲིག་དུས་སྟོན་ཞིག་ནང་ལྷན་ཞུགས་མཛད་རྒྱུ་ཡིན་འདུག་པ་བཅས། །