༢༠༡༣ ཟླ་ ༡ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་དཀར་སྤུངས་པའི་བླ་སྤྱིའི་འདུ་ཁང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་ ༢༦ པ་འཚོགས་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༡ ཉིན་བགྲོ་གླེང་ལྷན་ཚོགས་ཀྱི་ཉིན་ལྔ་པའི་སྐབས་མགོན་པོ་གང་ཉིད་མཆོག་གིས་ཆོས་ལུགས་དང་མ་འདྲེས་པའི་སྒོ་ནས་མིའི་བཟང་པོའི་ཡོན་ཏན་གོང་འཕེལ་གཏོང་རྒྱུར་ཚན་རིག་པ་ཚོས་མཉམ་རུབ་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་བཀའ་སློབ་སྩལ་དོན།
དེང་སྐབས་སྤྱི་ཚོགས་ནང་ཤེས་ཡོན་གལ་ཆེན་པོ་ཡིན་པ་ཚང་མས་ཤེས་གསལ་རེད། འོན་ཀྱང་ཤེས་ཡོན་སྤྲད་པ་ཙམ་གྱིས་ང་ཚོར་བློ་ཁ་ཚིམ་པའི་ཕན་ཐོགས་བྱུང་ཡོད་མེད་ཐོག་བསམ་བློ་གཏོང་དགོས། དུས་རབས་ཉི་ཤུའི་ནང་དམག་འཁྲུག་གིས་རྐྱེན་པས་མི་ས་ཡ་ཉིས་བརྒྱ་བསད་ཡོད་སྐོར་ལོ་རྒྱུས་སྨྲ་བ་ཚོས་ཤོད་ཀྱི་འདུག སྐབས་རེ་ཤེས་ཡོན་བེད་སྤྱོད་བྱེད་སྟངས་མ་ཤེས་པར་བརྟེན་ནས་འཛམ་གླིང་ནང་ཚད་བརྒལ་བའི་གཏོར་བཤིག་གཏོང་གི་ཡོད། དེར་བརྟེན་མིར་ཆོས་ལུགས་དང་མ་འདྲེས་བའི་ཐོག་ནས་བཟང་པོའི་སློབ་སྦྱོང་སྤྲོད་ཐབས་བྱེད་དགོས། དེ་ནི་ཚེ་ཕྱི་མ་དང་ལྷ་ཡུལ་གྱི་སྐོར་གང་ཡང་ཤོད་ཀྱི་མེད། ང་ཚོས་མུ་མཐུད་ནས་ད་ལྟའི་བསམ་བློ་གཏོང་སྟངས་འདི་འཁྱེར་ནས་ཕྱིན་ན། དུས་རབས་འདིའི་ནང་ང་ཚོར་དཀའ་ངལ་མང་དག་ཅིག་འཕྲད་སྲིད་པ་རེད།
དེ་བཞིན་དུས་རབས་ཉེར་གཅིག་ནང་མི་འབོར་ཤུགས་ཆེན་འཕེལ་གྱི་ཡོད་པ་མ་ཟད། འཛམ་གླིང་གི་ཚ་དྲོད་ཀྱང་འཕེལ་བཞིན་ཡོད་སྟབས། འབྱུང་འགྱུར་མིར་དཀའ་ངལ་མང་དག་ཅིག་འཕྲད་སྲིད། དེར་བརྟེན་ང་ཚོས་མ་འོངས་པའི་མི་རབས་དེ་དག་ལ་བསམ་བློ་མང་ཙམ་གཏོང་དགོས། གང་ལ་ཞེ་ན། ང་ཚོ་བདེ་བ་འདོད་པ་ལྟར་ཁོང་ཚོར་ཡང་བདེ་བ་དགོས། ང་ཚོ་མི་རབས་རྒན་པ་ཚོར་ཉམས་མྱོང་ཡོད་པར་བརྟེན། ང་ཚོའི་ཉམས་མྱོང་གཞི་ལ་བཞག་སྟེ་འཛམ་གླིང་འདི་ཡག་པོ་ཆགས་རྒྱུར་ང་ཚོས་འགན་འཁྱེར་དགོས། དེའི་ཐོག་ཚན་རིག་པ་ཚོས་འགན་ཁུར་ཆེ་ཙམ་ལེན་དགོས། གང་ལ་ཞེ་ན། ཚན་རིག་པ་ཚོ་ནི་དད་པའི་རྗེས་འབྲང་མ་ཡིན་པར་དངོས་ཡོད་གནས་ཚུལ་ལ་བརྟག་དཔྱད་གནང་མཁན་ཞིག་ཡིན་སྟབས། ཚན་རིག་པ་ཚོར་མི་དམངས་སྤྱི་དང་ཡང་སྒོས་ཆོས་ལུགས་ལ་ཡིད་ཆེས་མ་བྱེད་མཁན་ཚོས་ངེས་ལེན་བྱེད་ལས་སླ་བ་ཡོད་པར་བརྟེན། ཚན་རིག་པ་ཚོས་མིའི་བཟང་པོའི་ཡོན་ཏན་གོང་འཕེལ་གཏོང་རྒྱུར་མཉམ་རུབ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་བཞིན་ཤེས་ཡོན་སློབ་གསོའི་སྒྲོམ་གཞི་དེ་སྔོན་འགྲོའི་སློབ་གྲྭ་ནས་གཙུག་ལག་སློབ་གཉེར་ཁང་བར་སློབ་ཕྲུག་ཚོར་ཆོས་དང་མ་འདྲེས་པའི་བཟང་པོའི་སློབ་གསོ་སྤྲོད་ཐུབ་ན། རིམ་བཞིན་མིའི་སྤྱོད་ཚུལ་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་གི་མེད་དམ་སྙམ་གྱི་འདུག
ང་ཚོ་ད་ལྟ་འདིར་ཚ་བ་ཆེ་ཙམ་ཡོད་པ་མ་གཏོགས་གཞན་གྱི་དཀའ་ངལ་གང་ཡང་མེད་པའི་དུས་སྐབས་འདི་དང་། འཛམ་གླིང་འདིའི་ནང་ད་དུང་ང་ཚོ་དང་འདྲ་བ་འགྲོ་བ་མི་གཅིག་མཚུངས་ཡིན་པ་མང་པོ་ཞིག་ལ་མི་གསོད་འཕྲོག་བཅོམ་དང་བཀྲེས་སྐོམ་སོགས་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད། མི་ནི་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་པར་བརྟེན། འཛམ་གླིང་འདིའི་ནང་མི་དུང་ཕྱུར་བདུན་ཡོད་པ་རྣམས་རང་གཅེས་འཛིན་གྱིས་གཞན་དབང་དུ་གྱུར་ཏེ་དཀའ་ངལ་འཕྲད་བཞིན་ཡོད། སྤྱིར་བཏང་ཆོས་ལུགས་ཚང་མའི་ནང་བྱམས་པ་དང་། སྙིང་རྗེ། རང་སྡོམ་སྲུང་རྒྱུ་སོགས་བཟང་པོའི་བསླབ་བྱ་ཁག་བསྟན་ཡོད། འོན་ཀྱང་ཆོས་ལུགས་ཁག་གི་རྗེས་འབྲང་བ་མང་ཆེ་བས་བསླབ་བྱ་དེ་དག་ལ་དོ་སྣང་མ་བྱས་པར། ཆོས་ལུགས་ཕན་ཚུན་དབར་དཀའ་ངལ་འཕྲད་ཀྱི་ཡོད། ཅེས་བཀའ་སློབ་སྩལ་ཡོད་པ་བཅས། །