༢༠༡༣ ཟླ་ ༡ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གིས་གོ་སྒྲིག་འོག་ཨ་རིའི་ཚན་རིག་མཁས་པ་ཁག་གཅིག་དང་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་ཆེད་ལས་མཁས་པ་མི་སྣ་ཁག་གཅིག་ལྷན་ཡ་རབས་བཟང་སྤྱོད་དང་འབྲེལ་བའི་ཚོགས་འདུར་ལྷན་ཞུགས་ཀྱིས་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་གོང་ཚེས་ཉིན་ཕྱེད་ཡོལ་མགོན་པོ་གང་ཉིད་མཆོག་ལྡི་ལི་ནས་མཁའ་ལམ་བརྒྱུད་(Goa)གྷོ་ཝ་གྲོང་སྡེའི་ནང་༸ཞབས་སོར་བདེ་བར་འཁོད་སྐབས་ལྷོ་སྤྱི་ཀརྨ་སེང་གེ་ལགས་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་གྷོ་ཝ་ནང་གླིང་མཆོག་སྤྲུལ་རིན་པོ་ཆེར་མཇལ་སྩལ་ཡོད། ཕྱི་ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་མིའི་གཞིས་ཆགས་མོན་གྷོ་འདོད་རྒུ་གླིང་དུ་ཆིབས་སྒྱུར་བསྐྱངས་པ་མ་ཟད། རྡ་ས་བོད་ཀྱི་དཔེ་མཛོད་ཁང་ནས་གོ་སྒྲིག་ཞུས་པའི་སེམས་དང་སྲོག་གི་ཚན་རིག་བགྲོ་གླེང་ཚོགས་འདུ་ཐེངས་ ༢༦ པ་དེ་བཞིན་ཕྱི་ཟླ་ ༡ ཚེས་ ༡༧ ནས་ ༢༢ བར་དུས་ཡུན་ཉིན་གྲངས་དྲུག་རིང་འབྲས་སྤུངས་བློ་གསལ་གླིང་འདུ་ཁང་རྙིང་པའི་ནང་སྐོང་ཚོགས་གནང་རྒྱུའི་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུ་ཡིན་འདུག
ཐེངས་འདིའི་སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུ་ཉིན་དང་པོར། ཚོགས་འདུ་ངོ་སྤྲོད་དང་གཏམ་བཤད་གང་ཞིག་གནང་གི་ཡོད་སྐོར་ངོ་སྤྲོད། ཉིན་གཉིས་པར། དངོས་ཁམས་རིག་པའི་སྐོར། ཉིན་གསུམ་པར། དབང་རྩའི་ཚན་རིག་སྐོར། ཉིན་བཞི་པར། རྣམ་ཤེས་སྐོར། ཉིན་ལྔ་པར། སྒོམ་སྒྲུབ་ཀྱི་ལག་བསྟར་ཁག་གི་སྐོར། ཉིན་དྲུག་པར། མ་འོངས་པའི་ཁ་ཕྱོགས་བཅས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད་རྒྱུ་ཡིན་འདུག
ད་ཐེངས་ཀྱི་བགྲོ་གླེང་ནང་ཨ་རི་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་མཁས་པ་ ༧༠ ཙམ་དང་། དེ་བཞིན་ཆོས་རྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན། ཇོ་ནང་སོགས་དགོན་སྡེ་ཁག་ཉི་ཤུ་ཙམ་ནས་སྐུ་ཚབ་མཉམ་ཞུགས་གནང་གི་ཡོད་པ་མ་ཟད། སྦེང་ལོར་དུ་ཚན་རིག་སློབ་སྦྱོང་བྱེད་མཁན་སློབ་ཕྲུག་ཁག་གཅིག གཞན་ཡང་ཤེས་ཡོན་བསྟི་གནས་འདྲ་མིན་ཁག་ནས་ཕེབས་པའི་དོན་གཉེར་ཅན་བཅས་ཁྱོན་མི་གྲངས་ ༡༠༠༠ བརྒལ་བ་མཉམ་ཞུགས་གནང་གི་ཡོད་འདུག ཕྱོགས་མཚུངས་འབྲས་སྤུངས་བློ་གསལ་གླིང་གི་འདུ་ཁང་གསར་པའི་ནང་མི་གྲངས་ ༡༠༠༠༠ བརྒལ་བར་བགྲོ་གླེང་གི་རྣམ་པ་དངོས་སུ་གསན་གཟིགས་ཐུབ་པའི་མཐུན་རྐྱེན་ཡང་བསྐྲུན་འདུག་པ་བཅས། །