༢༠༡༣ ཟླ་ ༡ ཚེས་ ༨ རེས་གཟའ་མིག་དམར།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༦ ཉིན་གྱི་དགོང་དྲོ་རྒྱ་གར་གྱི་(NDTV)ལས་ཁང་གི་གསར་འགོད་པ་ཞིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ད་ལྟའི་བོད་ནང་གི་རང་ལུས་མེར་སྲེག་གི་གནད་དོན་སྤྱི་དང་ཡང་སྒོས་རྒྱ་ནག་གི་འགོ་ཁྲིད་འཕོ་འགྱུར། དེ་བཞིན་རྒྱ་གར་དང་ཨ་རི་སོགས་ནས་ཐུགས་རེ་གང་ཞིག་མཛད་ཀྱི་ཡོད་མེད་ཀྱི་དམིགས་བསལ་བཅར་འདྲི་ཞུས་པའི་ལས་རིམ་ཐོག་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། རྒྱ་ནག་གཞུང་ནས་བོད་མིའི་རང་ལུས་མེར་སྲེག་གནད་དོན་དེ་དག་ངོས་ལ་བསྙད་འདོགས་བྱེད་ཀྱི་ཡོད་པ་དེ་ནི་ཁོང་རང་ཚོ་རྒྱལ་སྤྱིའི་ཐོག་འགྲེལ་བཤད་རྒྱག་ཁག་པོ་ཆགས་ཡོད་པའི་རྟགས་མཚན་རེད། བོད་མིའི་རང་ལུས་མེར་སྲེག་གི་དོན་རྐྱེན་དེ་དག་རྒྱ་ནག་གཞུང་ནས་མཚམས་འཇོག་བྱེད་ཐུབ་ཀྱི་རེད། རྒྱ་ནག་གཞུང་ཕྱོགས་ནས་བོད་མིས་རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་རྐྱེན་རྩ་གང་ལ་ཐུག་ཡོད་མེད་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་དགོས་པའི་དུས་ལ་སླེབས་ཡོད། ལྷག་པར་རྒྱ་ནག་གཞུང་གི་འགོ་ཁྲིད་གསར་པ་ཚོས་དངོས་ཡོད་གནས་ལུགས་དང་མཐུན་པའི་དྲང་བདེན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྒྱ་ནག་གཞུང་ནས་དམ་བསྒྲགས་བྱེད་བཞིན་པ་དེ་ནི་བཟང་སྤྱོད་ལས་འགལ་བའི་བྱ་སྤྱོད་ཅིག་ཡིན། རྒྱ་རིགས་མང་ཚོགས་ལ་དངོས་ཡོད་གནས་སྟངས་གང་ཡིན་ཤེས་རྟོགས་བྱ་རྒྱུའི་རང་དབང་ཡོད།
དེར་བརྟེན་ཁྲིམས་ཀྱི་ནུས་པ་གོང་སྤེལ་བཏང་ནས་ལམ་ལུགས་ཡོངས་རྫོགས་རྒྱལ་སྤྱི་དང་མཐུན་པ་བཟོ་རྒྱུ་གལ་ཆེན་པོ་རེད། ཅེས་བཀའ་ལན་སྩལ་ཡོད།
ཡང་གསར་འགོད་པས། རང་ལུས་མེར་སྲེག་གཏོང་མཁན་དེ་དག་སྐུ་ཉིད་མཆོག་ལ་གཟིགས་ཚུལ་གང་ཡོད་དམ་ཞེས་པའི་དྲི་བར་བཀའ་ལན་སྩལ་དོན། ནང་པ་ཞིག་ཡིན་པའི་ཆ་ནས་གཙོ་བོ་ཁོང་རང་ཚོའི་ཀུན་སློང་ལ་རག་ལུས་ཡོད། ང་ཚོས་འགྲེལ་བཤད་གང་ཡང་རྒྱག་ཐུབ་ཀྱི་མ་རེད། ཅེས་བཀའ་ལན་སྩལ་ཡོད། ལྷག་པར་ལས་རིམ་དེའི་ཐོག་རྒྱ་གར་གྱི་ན་གཞོན་ཁག་གཅིག་སླེབས་ཡོད་པ་ཚོས་ཉེ་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བུད་མེད་ཅིག་ལ་བཙན་གཡེམ་བྱས་པའི་གནད་དོན་སྐོར་ལ་དྲི་བ་འབུལ་ལམ་ཞུས་པར། མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། དེ་ནི་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་ཡིན། འབྱུང་འགྱུར་གནད་དོན་དེ་རིགས་མ་ཡོང་བའི་ཆེད་མང་ཚོགས་ཚང་མར་ཡ་རབས་བཟང་སྤྱོད་ཀྱི་སློབ་སྦྱོང་དང་ལམ་སྟོན་གང་མང་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་བཀའ་ལན་སྩལ་འདུག་པ་བཅས། །