༢༠༡༣ ཟླ་ ༡ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༥ རེས་གཟའ་སྤེན་པའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷི་ཧཱར་རྒྱལ་ས་པ་ཊ་ནར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་(International Buddhist Sangha Conference) ཐོག་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བསྐྱངས་ཡོད། དེ་ཉིན་གྱི་སྔ་དྲོ་ཐོག་མར་༸གོང་ས་མཆོག་གིས་ཝི་ཏི་ནམ་ནང་པའི་དགེ་སློང་དང་བཙུན་མ། དེ་བཞིན་གསེར་སྐྱ་མི་མང་གྲངས་ ༢༠༠ བརྒལ་བར་དེང་དུས་ཀྱི་ནང་པའི་ལས་འགན་གང་ཞིག་ཡིན་པའི་སྐོར་བཀའ་སློབ་སྩལ་དོན། གོས་ངུར་སྨྲིག་གྱོན་ཏེ་དབུ་སྐྲ་འབྲེག་པ་དང་སྐྱབས་འགྲོ་བཏོན་པ་ཙམ་གྱིས་ནང་པ་ཡིན་པའི་ཁྱབ་པ་གང་ཡང་མེད། གཙོ་བོ་དཀོན་མཆོག་གསུམ་ལ་ཤེས་ནས་དད་པ་ཐོབ་པ་བྱེད་དགོས་པ་དང་། སྟོན་པ་བཅོམ་ལྡན་འདས་ལྟ་བུ་ཐོག་མ་ཉིད་ནས་རྟག་གཅིག་རང་དབང་བ་ཞིག་རྩ་བ་ནས་མིན་པར་ང་ཚོ་དང་འདྲ་བ་སོ་སྐྱེས་ཐ་མལ་བ་ཞིག་ཡིན་ནའང་། རིམ་བཞིན་ཚོགས་བསགས་སྒྲིབ་བྱང་གིས་ས་ལམ་གྱི་ཡོན་ཏན་རབ་ཏུ་རྫོགས་ཏེ་མཐར་མངོན་པར་རྫོགས་པར་སངས་རྒྱས་པ་ཞིག་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་བསྟུན། ཁོང་རྣམ་པའི་དྲི་བ་རྣམས་ལ་བཀའ་ལན་སྩལ།
དེ་རྗེས་༸གོང་ས་མཆོག་གིས་འབར་མ་དང་བྷང་ལ་དེ་ཤི། ཐེ་ལེན་ཌི་བཅས་ཀྱི་མཁན་སློབ་དགེ་འདུན་གྲངས་ ༡༥ ལ་ཉིན་གུང་ལྗགས་སྨིན་གདན་ཞུས་མཛད།
ཉིན་རྒྱབ་པ་ཊ་ནར་རྟེན་གཞི་བྱས་པའི་སྟོན་པ་རྗེས་དྲན་གྱི་སྐྱེད་མོས་ཚལ་དུ་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏི་ཤི་ཀུ་མཱར་མཆོག་གིས་༸གོང་ས་མཆོག་གདན་ཞུས་ཀྱིས་ཁུལ་དེར་༸ཞབས་སོར་འཁོད་མཚམས། ཉི་ཧོང་དང་བྷང་ལ་དེ་ཤི། འབར་མ། ཐེ་ལེན་ཌི། ཤྲི་ལངྐཱ། རྒྱ་གར། འབྲུག ཝི་ཏིམ་ནམ། ལའོ་སི། བོད་སོགས་ཀྱི་ནང་པའི་དགེ་སློང་ཕ་མ་གཙོ་བོར་གྱུར་བའི་སྐྱ་སེར་མང་ཚོགས་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ཡང་ཐོག་མར་༸གོང་ས་མཆོག་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་སོགས་ཀྱིས་སྣང་གསལ་ཞལ་ཕྱེ་མཛད་པ་དང་སྦྲགས། པཱ་ལི་དང་བོད་སྐད་ཐོག་ནས་ཤིས་བརྗོད་གསུང་འདོན་གནང་། དེ་ནས་བྷི་ཧཱར་མངའ་སྡེའི་རིག་གཞུང་དང་སྒྱུ་རྩལ་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ཅན་ཅལ་ཀུ་མཱར་(Mr Chanchal Kumar) མཆོག་གིས་ཕེབས་བསུའི་གསུང་བཤད་གནང་བའི་ནང་དོན་གཙོ་བོ་ནི། ཐེངས་འདིའི་ལྷན་ཚོགས་བརྒྱུད་དུས་རབས་ ༢༡ འདིའི་ནང་དུ་ནང་ཆོས་ཉམས་ལེན་ཐོག་ནས་སྤྱི་ཚོགས་ཞི་བདེ་སྔར་བས་ཆེ་བ་ཞིག་བསྐྲུན་རྒྱུའི་རེ་བ་ཡོད་སྐོར་བརྗོད་ཡོད།
དེ་ནས་ལྷན་ཚོགས་སྐབས་གསུང་བཤད་གནང་མཁན་ཉི་ཧོང་གི་དགེ་སློང་སྐུ་ཞབས་རོ་ཇུན་ས་ཏོ་ (Rev Ryojun Sato) མཆོག་གིས་གསུང་བཤད་གནང་སྐབས་ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་གསུམ་སྟེ། སྤྱི་ཚོགས་ནང་མི་ཡ་རབས་བཟང་པོ་ཞིག་བསྐྲུན་རྒྱུ་དང་། མིའི་བཟང་སྤྱོད་ཀྱི་རིན་ཐང་དེ་དག་ཐེག་པ་ཐུན་མོང་བའི་ལམ་ནས་མི་རབས་ནས་མི་རབས་སུ་སྤེལ་རྒྱུ། དེ་བཞིན་ཚུལ་ཁྲིམས་རང་སྲུང་གིས་མང་གཙོའི་སྤྱི་ཚོགས་ཡང་དག་པ་ཞིག་བསྐྲུན་ཐབས་བྱ་རྒྱུ་བཅས་ཡིན། དེ་བཞིན་སྐབས་དེར་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་སུ་ཤིལ་ཀུ་མཱར་མོ་དི་(Sushil Kumar Modi) མཆོག་གིས་སྟོན་པ་རྗེས་དྲན་གྱི་སྐྱེད་མོས་ཚལ་ (Pataliputra (Karuna Stupa) འདི་ཐོག་མར་འཛུགས་སྐྲུན་གནང་རྒྱུའི་འཆར་གཞི་དེ་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་དགོངས་བཞེད་གནང་བ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་། དེ་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གསུང་བཤད་གནང་དོན།
སྟོན་པ་རྗེས་དྲན་གྱི་སྐྱེད་མོས་ཚལ་གསར་སྐྲུན་དང་ཁུལ་འདིར་རྡོ་རྗེ་གདན་དང་ཤྲི་ལངྐཱ་ནས་གདན་འདྲེན་ཞུས་པའི་བྱང་ཆུབ་ལྗོན་ཤིང་གི་ས་བོན་འཛུགས་ཐུབ་པ་དེས་སྟོན་པ་རྗེས་སུ་དྲན་པའི་ཐོག་ནས་སྟོན་པའི་ཡོན་ཏན་རྗེས་སུ་དྲན་ཐུབ་པ་བྱུང་། འབྱུང་འགྱུར་གནས་འདིར་ནང་ཆོས་སློབ་གཉེར་བྱེད་སའི་ཤེས་ཡོན་གྱི་བསྟི་གནས་ཁང་ཞིག་ཏུ་འགྱུར་ཐུབ་རྒྱུའི་རེ་བ་ཡོད་སྐོར་གསུངས།
དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་བའི་ནང་མངའ་སྡེའི་བློན་ཆེན་མཆོག་གིས་བྷི་ཧཱར་མངའ་སྡེའི་ནང་ཕྱི་དངོས་པའི་འཛུགས་སྐྲུན་ཡར་རྒྱས་བཏང་བ་ཙམ་མིན་པར། སྟོན་པ་རྗེས་དྲན་གྱི་སྐྱེད་མོས་ཚལ་འདི་ལྟ་བུ་ཞིག་བསྐྲུན་པའི་ཐོག་ནས་ནང་ཆོས་དང་འབྲེལ་བའི་ཤེས་ཡོན་གོང་འཕེལ་གཏོང་ཐབས་གནང་བར་རྗེས་སུ་ཡི་རང་མཛད་པ་དང་སྦྲགས་མུ་མཐུད་བཀའ་སློབ་སྩལ་དོན།
ད་ཆ་ང་ཚོ་དུས་རབས་ ༢༡ ནང་ཡོད། དུས་ཚོད་འགྲོ་བཞིན་པ་དེར་སུས་ཀྱང་འགོག་མི་ཐུབ། ང་ཚོས་འདས་པའི་གནས་ཚུལ་གང་བྱུང་བ་དེར་བསྐྱར་བཅོས་གཏོང་མི་ཐུབ། འོན་ཀྱང་མ་འོངས་པའི་གནས་ཚུལ་ཇི་འདྲ་ཞིག་ཡོང་མིན་ང་ཚོའི་ལག་ཏུ་ཡོད། སྤྱི་ཚོགས་ནང་དབུལ་ཕོངས་ཀྱི་དཀའ་ངལ་ཧ་ཅང་ཡོད་པའི་དུས་སྐབས་འདིར། ཕྱི་དངོས་པོའི་འཛུགས་སྐྲུན་གྱི་ཡར་རྒྱས་གཏོང་རྒྱུ་ཧ་ཅང་གལ་ཆེ་པོ་ཆགས་ཡོད། འོན་ཀྱང་ཕྱི་དངོས་པོའི་ཡར་རྒྱས་དང་ལྷན་ང་ཚོས་ནང་གཤིས་རྒྱུད་དང་འབྲེལ་བའི་ཡ་རབས་བཟང་པོའི་རིན་ཐང་དེ་དག་གོང་འཕེལ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཕྱི་དངོས་པོའི་ཡར་རྒྱས་རྐྱང་པ་བསམས་ཚེ་གཞན་གྱི་བདེ་དོན་ལ་དེ་ཙམ་བསམ་བློ་གཏོང་མི་ཐུབ་པར་འདོད་རྔམ་དང་གཞན་བསླུ་བྲིད་བྱ་རྒྱུའི་ཀུན་སློང་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན། གནས་སྟངས་འདི་དེང་སྐབས་འཛམ་གླིང་ནང་དངོས་ཡོད་གནས་སྟངས་ཤིག་ཆགས་ཡོད། ཚན་རིག་པ་དང་རིག་པ་སྨྲ་བ་ཚོས་དེང་སྐབས་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་དེ་དག་གི་གཞི་རྩ་དེ་གཞན་ལ་བྱམས་བརྩེའི་བསམ་པའི་མ་འདང་པས་རྐྱེན་གྱིས་ཡིན་སྐོར་ར་སྤྲོད་ཐུབ་ཡོད། དེར་བརྟེན་ང་ཚོའི་ལས་འགན་གཙོ་བོ་ནི་བྱམས་བརྩེ་གོང་འཕེལ་བཏང་སྟེ་གཞན་དོན་ཆེད་བསམ་བློ་གང་ཐུབ་གཏོང་རྒྱུར་འབད་བརྩོན་བྱ་རྒྱུ་དེ་རེད། ཐེངས་འདིར་སྟོན་པ་རྗེས་དྲན་གྱི་སྐྱེད་མོས་ཚལ་གསར་བཞེངས་བྱུང་བ་དེས་ཆོས་ལུགས་གཞན་ནང་པར་བསྒྱུར་ཏེ་ནང་ཆོས་ཁྱབ་སྤེལ་བྱ་རྒྱུ་དེ་འདྲ་རྩ་བ་ནས་མིན། ཞེས་སོགས་ཀྱི་བཀའ་སློབ་སྩལ།
དེ་རྗེས་ལྷན་ཚོགས་གོ་སྒྲིག་ཚོགས་ཆུང་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས།།