༢༠༡༣ ཟླ་ ༡ ཚེས་ ༥ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣ རེས་གཟའ་ཕུར་བུའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྷི་ཧཱར་རྒྱལ་ས་པ་ཊ་ན་ཛྱཱ་པྲ་ཀཱ་ཤ་ནཱ་རཱ་ཡན་ (Jayprakash Narayan airport )གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་བྷི་ཧཱར་མངའ་སྡེའི་བློན་ཆེན་སྐུ་ཞབས་ནི་ཏི་ཤི་ཀུ་མཱར་མཆོག་གིས་ (Nitish Kumar) ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕྱི་ཚེས་ ༤ ཉིན་མངའ་སྡེའི་བློན་ཆེན་མཆོག་ནས་༸གོང་ས་མཆོག་ལ་མངའ་སྡེའི་སྐུ་མགྲོན་དུ་བློན་ཆེན་མཆོག་གི་བཞུགས་གནས་མགྲོན་ཁང་དུ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བསྐྱངས་ཏེ་ཉིན་གུང་ལྗགས་སྨིན་འབུལ་བཞེས་མཛད། སྐབས་དེར་མངའ་སྡེའི་བློན་ཆེན་མཆོག་གིས་གཙོས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་སུ་ཤིལ་ཀུ་མཱར་མོ་དི་མཆོག་ (Deputy Chief Minister, Sushil Kumar Modi )དང། མངའ་སྡེའི་རིག་གཞུང་དང་སྒྱུ་རྩལ་བློན་ཆེན་སྐུ་ཞབས་སུཀ་ན་པན་ཌེ་ (Sukhna Pandey མཆོག དེ་བཞིན་གྷཱ་ཡཱ་རྫོང་གི་འགན་འཛིན་སྐུ་ཞབས་ཝན་དཱ་ན་པིར་སེ་མཆོག (Gaya District Magistrate Mr.Vandana Priassy) ཆེད་ཕེབས་གནང་ཡོད།
དེ་ཡང་གསོལ་སྟོན་སྐབས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་ཆོས་རྒྱལ་མྱ་ངན་མེད་ (Ashoka) དང་རྒྱ་གར་གྱི་སྲིད་འཛིན་དམ་པ་སྐུ་ཞབས་རཱཇེན་དྲཱ་པྲཱ་སཱ་དི་ (Dr Rajendra Prasad) མཆོག དེ་བཞིན་རྒྱ་གར་གྱི་སྤྱི་ཚོགས་ལས་འགུལ་བ་དང་མཁས་དབང་སྙན་གྲགས་ཅན་སྐུ་ཞབས་ཛྱཱ་པྲཱ་ཀཱ་ཤི་ནཱ་རཱ་ཡན་ (Jayaprakash Narayan) ལྟ་བུ་བཞུགས་ཡུལ་ཡུན་རིང་ལོ་རྒྱུས་
ལྡན་པའི་གྲོང་ཁྱེར་པ་ཊ་ནར་སླར་ཡང་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་བ་མ་ཟད།
ཁ་སེང་ཁུལ་འདིའི་གནམ་ཐང་གི་མཚན་བྱང་དུའང་མཁས་དབང་ཁོང་གི་མཚན་བཏགས་ཡོད་པ་མཐོང་སྐབས་ངོས་རང་དགའ་པོ་བྱུང། པ་ཊ་ནའི་གྲོང་ཁྱེར་འདི་བཞིན་ནང་པའི་ཆོས་བྱུང་ལོ་རྒྱུས་ཐོག་ཧ་ཅང་གལ་གནད་ཆེ་བའི་ས་ཁུལ་ཞིག་ཆགས་ཡོད་པ་དང། ནང་ཆོས་ནང་གཙོ་བོ་བྱམས་སྙིང་རྗེའི་སྐོར་གསུངས་ཡོད། སྤྱིར་འཛམ་གླིང་གི་ཆོས་ལུགས་ཕལ་མོ་ཆེའི་ནང་བྱམས་པ་དང་བརྩེ་བ། བཟོད་བསྲན་སོགས་ཀྱི་བསླབ་བྱ་ཡོད་ཀྱང། སྟོན་པ་བཅོམ་ལྡན་འདས་ཀྱིས་རྟེན་འབྱུང་གི་རྣམ་གཞག་གསུངས་པའི་ཐོག་ནས་ཆོས་ལུགས་དེ་དག་ལས་ནང་པ་སངས་རྒྱས་པའི་ཆོས་འདི་ཐུན་མིན་ཞིག་ཆགས་ཡོད། སྟོན་པ་བཀའ་དྲིན་ཅན་གྱིས་རྟེན་ཅིང་འབྲེལ་བར་བྱུང་བའི་རྣམ་གཞག་དེར་ལེགས་སྦྱར་སྐད་ནང་པྲཱ་ཏིཏྱཱ་སམུཏ་པཱད་ (pratityasamutpada) ཞེས་བརྗོད་བཞིན་ཡོད། རྟེན་འབྲེལ་གྱི་རྣམ་གཞག་ལ་བསམ་བློ་བཏང་བ་ཡིན་ན། བདེན་འཛིན་གྱི་རྩ་བ་མ་རིག་པས་རྐྱེན་གྱིས་རང་གི་བསམ་བློ་འཁྲུག་པ་དེར་གཉེན་པོ་བསྟེན་རྒྱུར་ཧ་ཅང་ཕན་ཐོགས་ཡོད།
ད་ལྟའི་བྷི་ཧཱར་མངའ་གཞུང་གིས་ནང་ཆོས་ལ་རྩ་ཆེན་པོ་འཛིན་བཞིན་པ་དེར་ངོས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ། དེ་རྗེས་སྤྱི་ཁྱབ་བློན་ཆེན་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་སྲོལ་རྒྱུན་ལམ་ལུགས་ལྟར་གཟན་ (Shawl)ཞིག་འབུལ་ལམ་ཞུས་རྗེས་༸གོང་ས་མཆོག་གིས་བློན་ཆེན་མཆོག་ལ་སྟོན་པའི་སྐུ་བརྙན་ཞིག་ཕྱག་རྟགས་སུ་གསོལ་རས་སྩལ།
དེ་ནས་བློན་ཆེན་མཆོག་གིས་༸གོང་ས་མཆོག་སྟོན་པ་རྗེས་དྲན་གྱི་སྐྱེད་མོས་ཚལ་དུ་གདན་ཞུ་གནང་སྟེ་༸ཞབས་སོར་འཁོད་བསྟུན། དེར་སྟོན་པའི་སྐུ་བརྙན་གསར་པ་ཞིག་གསར་བཞེངས་ལེགས་གྲུབ་བྱུང་བ་དེར་གནས་གཟིགས་མཛད་པ་མ་ཟད། སྐྱེད་མོས་ཚལ་དེར་བྱང་ཆུབ་ལྗོན་ཤིང་ཞིག་འདེབས་འཛུགས་མཛད་པ་དང་སྦྲགས། རྣམ་གྲྭ་དགེ་འདུན་པ་དང་རྒྱ་གར་གྱི་གནས་བརྟན་སྡེ་པའི་དགེ་སློང་ཁག་གཅིག་བཅས་ཚང་འཛོམས་ཐོག་སྟོན་པའི་སྐུ་བརྙན་དེར་རབ་གནས་བཀའ་དྲིན་གནང།
དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་གསར་འགོད་པ་ཁག་གཅིག་ལ་བཀའ་སློབ་སྩལ་དོན། ནང་ཆོས་ཀྱི་སྙིང་པོ་ནི་བྱམས་བརྩེ་དང་བཟོད་བསྲན། བསླབ་སྡོམ་སྲུང་རྒྱུ་བཅས་ཀྱིས་རང་ཉིད་མི་ཚེ་ཞི་བདེ་བག་ཕེབས་ངང་བསྐྱལ་རྒྱུ་ཡིན། ཕྲག་དོག་དང་འགྲན་སེམས། ཆགས་སྡང་། ཁོང་ཁྲོ་སོགས་ཉོན་མོངས་ཀྱི་བསམ་བློ་ཤུགས་ཆེན་པ་དེ་དག་གིས་སེམས་ནང་མ་སྐྱིད་པ་དང་སེམས་ཁྲལ་ཁོ་ན་ཡོང་བཞི
ན་ཡོད། དེར་བརྟེན་ང་ཚོས་ཐར་པའི་གོ་འཕང་དང་ཚེ་ཕྱི་མ། དེ་བཞིན་ལྷ་ཡུལ་སོགས་ཀྱི་སྐད་ཆ་གང་ཡང་མིན་པར་ཚེ་འདིའི་ཐོག་ནས་སྐད་ཆ་བཤད་པ་ཡིན་ནའང། བྱམས་པ་དང་བརྩེ་བ། བཟོད་བསྲན་སོགས་ཀྱིས་མི་ཚེ་བདེ་སྐྱིད་ལྡན་པའི་ཐོག་ནས་བཟང་མཐའ་ཁྱོལ་ཐུབ་རྒྱུ་ཡིན་པ་གསལ་པོ་རེད།
ངོས་རང་ནང་པ་ཞིག་ཡིན་པའི་ཆ་ནས་ལོ་ངོ་སྟོང་གི་རིང་རྒྱ་གར་ནང་ཆོས་ལུགས་འདྲ་མིན་མང་པོ་འཆམ་མཐུན་ངང་དར་སྤེལ་ཐུབ་པ་དེར་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། རྒྱ་གར་ནང་ཆོས་ལུགས་རིས་མེད་ལ་གུས་བརྩི་ཞུ་རྒྱུའི་གནའ་རབས་ཀྱི་སྲོལ་རྒྱུན་བཟང་པོ་འདི་ནི་དེང་སྐབས་འཛམ་གླིང་ནང་མིག་དཔེ་བཟང་པོ་ཞིག་ཆགས་ཡོད་པ་མ་ཟད། ལྷག་པར་དེང་སང་སྐབས་རེ་ཆོས་ལུགས་ལ་བརྟེན་ནས་འཁྲུག་འཛིང་ཡོང་བཞིན་ཡོད་པའི་དུས་སྐབས་འདིར་རྒྱ་གར་གྱི་སྲོལ་རྒྱུན་འདི་ཧ་ཅང་རྩ་ཆེན་པོ་ཆགས་ཡོད།
མཐའ་སྡོམ་སུ་ངོས་རང་རྒྱ་གར་ནཱ་ལེནྡྲའི་སྲོལ་རྒྱུན་རྗེས་སུ་འབྲང་མཁན་གྱི་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་ང་ཚོས་ཉིན་རེར་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་ལ་སྨོན་ལམ་རྒྱག་རྒྱུ་ཙམ་མིན་པར་དེའི་ཐོག་རིག་པའི་བརྡར་ཤ་བཅད་ནས་སློབ་སྦྱོང་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་བཀའ་སློབ་སྩལ་བ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་འདས་པའི་མི་ལོ་ ༣༠ ལྷག་གི་རིང་དེང་དུས་ཚན་རིག་པ་དང་ལྷན་གྲོས་མོལ་མཛད་པ་བརྒྱུད། བོད་མི་ཚོས་དེང་དུས་ཚན་རིག་པ་ནས་འཇིག་རྟེན་ཁམས་ཀྱི་རིག་པ་ (Cosmology) དང་རྡུལ་ཕྲན་གྱི་རྣམ་གཞག་ཞིབ་ཚགས་ཐོག་བོད་མི་ཚོས་བློ་སྐྱེད་རག་ཐབས་བྱས་པ་མ་ཟད། ཚན་རིག་པ་ཚོས་ཀྱང་རྒྱ་གར་གྱི་ཆོས་ལུགས་འདྲ་མིན་གྱི་ལྟ་གྲུབ་དང་ལྷག་པར་ནང་པ་སངས་རྒྱས་པའི་ཆོས་ལུགས་ནས་གསུང་པའི་སེམས་དང་སེམས་ཚོར་གྱི་བྱེད་ལས་ཀྱི་རྣམ་གཞག་སྐོར་བློ་སྐྱེད་དང་ཕན་ཐོགས་ཧ་ཅང་བྱུང་ཡོད། དེར་བརྟེན་ཚན་རིག་པ་ཚོས་དེང་སྐབས་ལུས་སེམས་འབྲེལ་བའི་སྐོར་བརྗོད་སྐབས་ལུས་པོ་བདེ་ཐང་ཡོང་བར་སེམས་ནང་ཞི་བདེ་དགོས་རྒྱུ་གལ་ཆེ་ཡིན་པ་ར་སྤྲོད་བྱེད་བཞིན་ཡོད། “ཅེས་བཀའ་སློབ་སྩལ། མཐར་༸གོང་ས་མཆོག་གིས་སྐུ་བཅར་མངའ་སྡེའི་བློན་ཆེན་ཕྱོགས་མཆོག་ལ་བཀའ་སློབ་སྩལ་དོན། ངོས་ཀྱིས་སྐུ་ཉིད་ཀྱིས་དབུ་ཁྲིད་ལམ་སྟོན་འོག་གནས་འདིར་ནང་ཆོས་སློབ་གཉེར་བྱ་ཡུལ་བསྟི་གནས་ཤིག་ཏུ་འགྱུར་ཐུབ་པའི་རེ་བ་ཡོད། ང་ཚོས་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་བསྟན་དེ་དག་ནང་ཆོས་ནས་གསུངས་པའི་ཚན་རིག་དང་། ལྟ་གྲུབ། ནང་ཆོས་ཀྱི་ཉམས་ལེན། ཞེས་སྡེ་ཚན་གསུམ་དུ་དབྱེ་ཆོག སྡེ་ཚན་གསུམ་ནས་ལྟ
་གྲུབ་དང་ཚན་རིག་གི་རྣམ་གཞག་དང་འབྲེལ་བའི་སྟོན་པའི་གསུང་ལ་ནང་པ་ཙམ་མིན་པར་རིས་མེད་ཀྱིས་སློབ་སྦྱོང་བྱེད་ཆོག་པ་ཞིག་ཡིན། ཞེས་བཀའ་སྩལ་བ་དང་སྦྲགས།
དེང་སྐབས་རྒྱ་གར་གྱིས་གཙོས་འཛམ་གླིང་མི་མང་གི་ཡ་རབས་བཟང་སྤྱོད་ཀྱི་རིན་ཐང་ཉམས་གུད་དུ་འགྲོ་བཞིན་པའི་སྐོར་བཀའ་སློབ་སྩལ་དོན། དེང་སྐབས་རྒྱ་གར་གཙོ་བོར་གྱུར་བའི་ལུང་པ་མང་པོའི་ནང་མིའི་བཟང་སྤྱོད་ཀྱི་བསམ་བློ་ཉམས་ཆག་འགྲོ་བཞིན་པའི་གནས་ཚུལ་མང་པོ་ཡོང་བཞིན་ཡོད། དཀའ་ངལ་དེ་དག་ཉེན་རྟོག་མི་སྣ་མང་དུ་བཏང་སྟེ་ཁྲིམས་གཅིག་པུས་སེལ་ཐབས་མེད། དཀའ་ངལ་དེ་དག་སེལ་ཆེད་མིའི་རྒྱུད་ཀྱི་བཟང་པོའི་རིན་ཐང་དེ་དག་གོང་མཐོར་བཏང་སྟེ་ཁྲིམས་རང་ཁུར་གྱི་བསམ་བློའི་གནས་ཚད་སླེབས་ཐུབ་པ་བཟོ་དགོས། རྒྱ་གར་ལྟ་བུར་མཚོན་ན་ལོ་ངོ་སྟོང་གི་རིང་བཟང་པོའི་བསླབ་བྱ་དེ་དག་འཛིན་སྐྱོང་སྤེལ་གསུམ་བྱས་པར་བརྟེན། ད་ཆ་རིན་ཐང་དེ་དག་འཛམ་གླིང་གཞན་ལ་སྤེལ་རྒྱུའི་དུས་ལ་བབ་ཡོད། ཅེས་བཀའ་སློབ་སྩལ།
དེ་ཡང་སྤྱིར་༸གོང་ས་མཆོག་ཐེངས་འདིར་རྒྱ་གར་བྱང་ཕྱོགས་བྷི་ཧཱར་མངའ་སྡེའི་རྒྱལ་ས་པ་ཊ་ནར་རྟེན་གཞི་བྱས་པའི་སྟོན་པ་བཅོམ་ལྡན་འདས་ཀྱི་དྲན་རྟེན་སྐྱེད་མོས་ཚལ་ནང་། ཕྱི་ཚེས་ ༥ ནས་ ༧ བར་ཉིན་གྲངས་གསུམ་རིང་། དུས་རབས་ ༢༡ ནང་པའི་དགེ་སློང་ཚོར་འཁྲིས་པའི་ལས་འགན། ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་ནང་པའི་ཆོས་ཚོགས་ཀྱི་ཚོགས་ཆེན་ (International Buddhist Sangha Seminar on The Role of the Buddhist Sangha in the 21st Century) ཐོག་ལྷན་བཞུགས་མཛད་ཆེད་ཁུལ་དེར་ཆིབས་སྒྱུར་བསྐྱངས་པ་ཞིག་ཡིན། གཞན་ཡང་ཚོགས་ཆེན་སྐབས་ཐེ་ལན་ཌི་དང་། ཤྲི་རི་ལང་ཀ། ཉི་ཧོང། འབར་མ། རྒྱ་ནག་བཅས་ཀྱི་སྐུ་ཚབ་ ༡༥༠༠ བརྒལ་བས་མཉམ་ཞུགས་གནང་རྒྱུ་ཡིན་འདུག་པ་བཅས།།