༢༠༡༣ ཟླ་ ༡ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༩ ཉིན་རྒྱ་གར་བྱང་ཤར་ཁུལ་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་འོག་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད། ལས་འགུལ་སྐབས་བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང་། ཟླ་སྒྲོན་ཤར་གླིང་ལགས། གསེར་རྟ་ཚུལ་ཁྲིམས་ལགས། དབྱངས་ཅན་སྒྲོལ་དཀར་ལགས་བཅས་ཀྱིས་ནུབ་བྷེང་གལ་ (West Bengal) མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཨེམ་ཀེ་ནཱ་རཱ་ཡན་ (Shri M.K Narayanan) མཆོག་དང་མཇལ་འཕྲད་གནང་སྟེ། བོད་དོན་ཆེད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་པ་དང་ཆབས་ཅིག ཕྱི་ལོ་ ༢༠༠༩ ནས་ ༢༠༡༢ བར་བོད་བསྟན་སྲིད་སླད་བོད་ནང་གི་བོད་མི་ ༩༥ ནས་རྒྱ་གཞུང་ལ་ཞི་རྒོལ་སླད་རང་ལུས་མེར་སྲེག་བཏང་བའི་ཛ་དྲག་གི་གནས་སྟངས་ཞིབ་ཕྲ་གསལ་བཤད་ཞུས་ཡོད།
སྐབས་དེར་སྲིད་སྐྱོང་མཆོག་གིས་གཞིས་ལུས་བོད་མི་ཚོར་རང་གི་མི་ཚེ་དེ་བཞིན་འཛམ་གླིང་མི་མང་སྤྱི་མཚུངས་ལྟར་ཚད་ལྡན་གྱི་ལམ་ནས་བསྐྱལ་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་པར་བརྟེན། རྒྱ་གར་གཞུང་ནས་ཀྱང་བོད་མི་ཚོར་རྒྱབ་སྐྱོར་སྔར་མུས་ལྟར་གནས་རྒྱུ་མ་ཟད། ལྷག་པར་བོད་མི་ཚོར་ཛ་དྲག་གི་གནས་སྟངས་འོག་དཀའ་ངལ་ཧ་ཅང་འཕྲད་པའི་དུས་སྐབས་འདིར་རྒྱབ་ཤིག་ནམ་ཡང་རྒྱག་མིན་སྐོར་གསུངས་ཡོད། སྲིད་སྐྱོང་མཆོག་དེ་སྔ་ཕྱི་ལོ་ ༡༩༦༠ སྐབས་རྒྱ་གར་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཡིན་སྐབས། ལྷོ་ཕྱོགས་སྦེལ་ཀོབ་ཏུ་བོད་མིའི་གཞིས་ཆགས་ཐོག་མར་གསར་རྒྱག་སྐབས་དངོས་སུ་ས་གནས་སུ་ཕེབས་མྱོང་ཡོད་འདུག ཕྱོགས་མཚུངས་སྐབས་དེར་བོད་མིའི་སྐུ་ཚབ་རྣམ་པས་སྲིད་སྐྱོང་མཆོག་ལ་རྒྱ་ནག་གཞུང་ལ་རྒྱ་གར་གཞུང་གིས་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཡང་ཞུས་འདུག
ཉིན་གསུམ་རིང་གོང་བརྗོད་སྤྱི་འཐུས་རྣམ་པས་ནུབ་བྷེང་གལ་ཁུལ་དུ་གྲོས་ཚོགས་འཐུས་མི་དང་དབུས་གཞུང་གི་གྲོང་ཁྱེར་ཡར་རྒྱས་བློན་ཆེན་ལྕམ་སྐུ་དི་པཱ་ད་སི་མུན་ཤི་ (Smt Deepa Das Munshi) མཆོག རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་པར་དིབ་བྷ་ཊཱ་ཅརྱ། (Shri Pradip Bhattachariya) མཆོག དེ་བཞིན་ནུབ་བྷེང་གལ་ས་གནས་ཀོངྒ་རེ་སི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རཱཇ་པཱལ་སིངྒ་ (Shri Rachhpal Singh) མཆོག་སོགས་ཐུག་འཕྲད་གནང་ཡོད། དེ་ཡང་སྤྱི་འཐུས་རྣམ་པས་རྒྱལ་ས་ཀོལ་ཀ་ཊར་བོད་དོན་གོམ་འགྲོས་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་རྒྱུ་མ་ཟད། ཁུལ་དེར་གསར་འགོད་གསལ་བསྒྲགས་སྤེལ་རྒྱུ་ཡིན་འདུག
བྱང་ཤར་ཁུལ་གྱི་སྤྱི་འཐུས་རྣམ་པས་བོད་དོན་ཞུ་གཏུག་གི་ལས་འགུལ་རིམ་པ་དང་པོའི་སྐབས། ནུབ་བྷེང་གལ་ཙམ་མ་ཟད། ཨོ་ཌི་ཤ་དང། ཆ་ཏི་སི་གྷར། ཇཱར་ཁནྜ་བཅས་སུ་ཕེབས་ཏེ་མངའ་སྡེའི་སྲིད་སྐྱོང་བློན་ཆེན་དང་སྲིད་སྐྱོང། དེ་བཞིན་གྲོས་ཚོགས་འཐུས་མི་སོགས་ཀྱིས་གཙོས་འབྲེལ་ཡོད་གལ་ཆེའི་དཔོན་རིགས་དང་གནད་ཡོད་མི་སྣ་རྣམས་དང་མཇལ་འཕྲད་ཀྱིས་མང་ཚོགས་ལ་བོད་ནང་གི་ཛ་དྲ་གནས་སྟངས་ངོ་སྤྲོད་གནང་རྒྱུ་མ་ཟད། གསར་འགོད་གསལ་བསྒྲགས་སྤེལ་རྒྱུ་ཡིན་འདུག དེ་རྗེས་བོད་དོན་ཞུ་གཏུག་གི་རིམ་པ་གཉིས་པའི་སྐབས་བོད་མི་མང་སྤྱི་འཐུས་རྣམ་པས་ཨ་རུ་ནཱ་ཅལ་པར་དེ་ཤི་དང། བེ་གྷ་ལ་ཡཱ། ཨ་སཱམ། སི་ཀིམ། ན་ག་ལེན་ཌི་བཅས་ནང་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་འདུག་པ་བཅས།།
.