༢༠༡༣ ཟླ་ ༡ ཚེས་ ༣༡ རེས་གཟའ་ཕུར་བུ།
༄༅། །འདི་གར་བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱི་གསར་འགོད་ཚོགས་ཆུང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣༠ རེས་གཟའ་ལྷག་པ་ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་པའི་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཆེན་མོ་དངོས་སུ་འགོ་འཛུགས་ཀྱི་ཉིན་དང་པོར་མི་མང་འདུ་འཛོམས་ཐོག་རྒྱ་གར་གྱི་ཆབ་སྲིད་དབུ་ཁྲིད་དང་། གནད་ཡོད་མི་སྣ་རྣམས་ཀྱིས་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་ཏལ་ཀ་ཏོ་ར་རྩེད་རའི་ (Talkatora Stadium) ཚོགས་ཁང་ཆེན་མོའི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༥༠༠༠ ལྷག་འདུ་འཛོམས་བྱུང་བའི་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་དེ་སྔའི་སྲིད་བློན་གཞོན་པ་དང་ནང་སྲིད་བློན་ཆེན་ཟུར་པ་བྷི་ཇེ་པི་ (BJP) ཆབ་སྲིད་ཚོགས་པའི་དཔོན་རིགས་རྒན་གྲས་སྐུ་ཞབས་ཨ་ཌཱ་ཝ་ནི་ (Shri. L.K. Advani) མཆོག་གིས་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཆེན་པོ་དངོས་སུ་འགོ་འཛུགས་ཐོག་གསུང་བཤད་གནང་དོན། གོང་དུ་སྲིད་སྐྱོང་དང་ཚོགས་གཙོ་གཉིས་ཀྱི་གསུང་བཤད་ཡག་པོ་གནང་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་ཚོས་བསྟན་པའི་རྒྱ་གར་ཐུགས་རྗེ་ཆེ་ཞེས་པའི་བརྙན་འཁོར་དེ་བརྒྱུད་ཕྱི་ལོ་ ༡༩༥༩ ནས་ད་བར་བོད་མི་ཚོས་རྒྱ་གར་ལ་བཟུང་པའི་འདུ་ཤེས་རྟོགས་ཐུབ་པ་དང་། འདིར་རྒྱ་གར་བ་མང་པོ་མེད་ཀྱང་ངས་ཚབ་མཚོན་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་གྷན་དྷི་མཆོག་སྐུ་བཀྲོངས་པའི་རྗེས་དྲན་གྱི་ཉིན་མོ་དང་འབྲེལ་ལས་འགུལ་སྤེལ་བ་འདི་ཡག་པོ་བྱུང་འདུག ང་འདིར་བསྡད་ནས་དུས་ཚོད་གང་ཙམ་རིང་ཁྱེད་རང་ཚོའི་གདོང་པ་མཐོང་སྐབས། སོ་སོའི་རྩ་དོན་ལ་ཡིད་ཆེས་དང་སེམས་ཤུགས་ཆེན་པོ་ཡོད་པ་གསལ་པོ་མཐོང་གི་འདུག རྒྱ་གར་རང་བཙན་འཐབ་རྩོད་སྐབས། ང་རང་སློབ་ཕྲུག་ཡིན་ཡང་སྙིང་ནས་རང་བཙན་བསམ་མྱོང་ཡོད།
དེ་བཞིན་བོད་མི་ཚོ་ལ་རེ་བ་ཡོད་པ་རེད། བོད་དོན་འཐབ་རྩོད་ཀྱི་རེ་བ་ཞུ་ཡུལ་གཙོ་བོ་ནི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཡིན་པ་དང་། ཁོང་ཐེངས་མང་པོ་མཇལ་མྱོང་བས་ཁོང་མི་ཕལ་པ་ཞིག་མ་རེད། དེ་བཞིན་ཁོང་གིས་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་འདོན་གནང་མཛད་པ་དང། ཐུགས་བརྩེ་བ་ཆེན་པོས་བོད་དོན་འགན་ཁུར་བཞེས་ཡོད། སྔོན་མ་རྒྱ་གར་གྱི་ནང་སྲིད་བློན་ཆེན་སར་ཌར་པཱ་ཊེལ་ (Sardar Patel) མཆོག་གིས་ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༧ ཉིན་བོད་དོན་དང་འབྲེལ་བའི་གལ་ཆེའི་ཡི་གེ་ཤོག་གྲངས་བདུན་ཅན་ཞིག་སྐབས་དེའི་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་ལ་ཕུལ་ཡོད། རྒྱ་གར་ནང་དེའི་སྐབས་དཀའ་ངལ་ཆེན་པོ་ཡོད་ཀྱང་བོད་དོན་ཐོག་འགན་ཁུར་བཞེས་ཀྱི་ཡོད་པ་གསལ་པོ་རེད། སྔོན་མ་བོད་ཀྱི་གནས་སྟངས་སྐྱོ་ཤོས་སྐབས་རྒྱ་གར་ལ་ཡིད་ཆེས་ཆེན་པོ་བྱས་ཀྱང་། ཁོ་ཚོས་དགོས་མཁོ་ཚུལ་བཞིན་བསྐང་ཐུབ་མེད་པ་དང་བོད་དེ་རྒྱ་ནག་གཞུང་གིས་དབང་བསྒྱུར་བྱས་པ་རེད། བོད་དོན་དེ་རྒྱ་གར་གྱི་སྲུང་སྐྱོབ་དང་འབྲེལ་བ་ཡོད། རྒྱལ་སྤྱིའི་ནང་སྐྱབས་བཅོལ་བ་མང་པོ་ཡོད་ཀྱང་བོད་མི་རྣམས་སོ་སོའི་ནང་ཚང་སོགས་བསྐྱུར་ནས་རྒྱ་གར་ལ་ཡོང་བ་དང་། ཐུགས་རྗེ་ཆེ་རྒྱ་གར། རྒྱ་གར་ལ་གུས་འདུད་ཡོད་སོགས་གསུངས་པ་རེད།
དེ་རིང་རྒྱ་གར་གྱི་གཞུང་འཛིན་ཚོགས་པ་དང། ཕྱོགས་འགལ་ཚོགས་པ་གཉིས་ཀ་འདིར་ཡོད་པ་དེ་ཡག་པོ་བྱུང་། དེ་རིང་གི་ལས་འགུལ་འདིས་སེམས་གཏིང་ལ་འགུལ་བསྐྱོད་ཐེབས་བྱུང་། དེ་སྔ་རྒྱ་ནག་གི་སྲིད་འཛིན་དང་ཐུག་སྐབས། ངས་འཛམ་གླིང་འདིའི་ནང་༸གོང་ས་ཏཱ་ལའི་བླ༌མ་མཆོག་བཞིན་དབུ་ཁྲིད་མེད་སྐོར་དང་། ཁོང་གི་གཉིས་སྨན་དགོངས་བཞེད་སྐོར་བཤད་པ་ཡིན། ༸གོང་ས་ཏཱ་ལའི་བླ༌མ་མཆོག་གི་དགོངས་བཞེད་ལྟར་བོད་དོན་འཚེ་མེད་ཞི་བའི་ལམ་ནས་སེལ་དགོས། དུས་རབས་ཉི་ཤུའི་ནང་ཟིང་འཁྲུག་བྱུང་ཡང་། དུས་རབས་ཉེར་གཅིག་ནང་ཞི་བདེའི་ལམ་ནས་བོད་ཀྱི་དཀའ་རྙོག་འདི་སེལ་ཐུབ་ན། དུས་རབས་ཉེར་གཅིག་པ་འདི་བོད་དང་རྒྱ་ནག་གི་དུས་རབས་ཤིག་ཏུ་འགྱུར་རེ་ཡོད། སྙིང་ནས་རེ་སྨོན་ཡོད། གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་ནས་རྒྱ་གར་ཀོང་རི་སི་ཚོགས་པའི་གཞུང་འབྲེལ་སྐུ་ཚབ་འཐུས་མིའི་གཙོ་འཛིན་དང་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་པྲིཡ་དཏྟ་ (Priya Dutt) མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་བཅར་ཐུབ་པ་ཤིན་ཏུ་དགའ་སྤྲོ་བྱུང། སྤྱིར་བོད་ཀྱི་གནས་སྟངས་ལ་གུས་བརྩི་དང་དམིགས་བསལ་མི་གྲངས་ ༩༩ ཡིས་རང་ལུས་མེར་སྲེག་བཏང་བའི་གནས་སྟངས་ལ་གུས་ཞབས་ཡོད། ངའི་ཨ་ཕ་ཡང་སྐྱབས་བཅོལ་བ་ཞིག་རེད། རང་ཉིད་ལ་དཀའ་ངལ་འཕྲད་པའི་ཉམས་མྱོང་བརྒྱུད་བོད་དོན་ལ་རྒྱབ་སྐྱོར་དང་དོ་སྣང་ཆེན་པོ་གནང་མཁན་ཞིག་རེད། བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པར་སེམས་འཚབ་ཆེན་པོ་ཡོད། ད་ལྟ་སྲིད་སྐྱོང་དང་ཚོགས་གཙོའི་གསུང་བཤད་ཀྱིས་བོད་ཀྱི་གནད་དོན་དང་མངོན་འདོད་སོགས་མང་པོ་ཞིག་ཤེས་རྟོགས་བྱུང་། དེ་རིང་འདིར་བོད་མི་མང་པོས་མིག་ཆུ་གཏོང་བ་ནི་སེམས་ཤུགས་དང་ཉམས་མྱོང་སོགས་མི་རབས་ནས་བརྒྱུད་སྤྲོད་བྱས་པ་ཞིག་ཡིན་པ་ཤེས་རྟོགས་ཡོང་གི་འདུག ཁྱེད་རྣམ་པའི་ཕ་མ་ཚོར་དཀའ་ངལ་ཇི་ལྟར་འཕྲད་ཀྱང་བོད་དོན་ཡལ་བར་མ་དོར་བ་གནས་ཐུབ་པ་ཧ་ལས་པ་རེད། བོད་པར་ཐུགས་རྗེ་ཆེ། ༸གོང་ས་ཏཱ་ལའི་བླ༌མ་མཆོག་རྒྱ་གར་དུ་བཞུགས་ནས་འཛམ་གླིང་ལ་ཞི་བདེའི་བརྡ་ལན་སྤྲོད་གནང་མཛད་པར་ཤིན་ཏུ་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། བོད་མིའི་སེམས་ཤུགས་དང་མངོན་འདོད་ལ་རྒྱ་གར་གྱི་ཚོགས་པ་ཡོངས་ནས་རྒྱབ་སྐྱོར་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་ཇམ་མུ་ཀར་ཤི་མིར་མངའ་སྡེའི་གཞུང་འཛིན་ཚོགས་པའི་འཐུས་མི་ཧ་སན་ཁན་ (Shri Hassan Khan) མཆོག་གསུང་བཤད་གནང་དོན། ང་རང་ཚོགས་པའི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་འདིར་བཅར་ཐུབ་པ་དགའ་བོ་བྱུང་། དེ་རིང་གི་ཡིག་ཆ་བཀྲམ་པའི་ནང་རང་ལུས་མེར་སྲེག་བཏང་སྐོར་གྱི་གནས་ཚུལ་སོགས་མཐོང་སྐབས་ཧ་ལས་ཧོན་འཐོར་སོང་། ལ་དྭགས་སུ་ཡོད་པའི་པུར་ཁང་མང་པོའི་མདུན་ང་ཚོའི་དེ་རིང་ནི་ཁྱེད་ཚོའི་སང་ཉིན་གྱི་ཆེད་དུ་བློས་གཏོང་བྱས་པ་ཡིན་ཞེས་བྲིས་ཡོད་པ་ལྟར། བོད་ནང་གི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་བློས་བཏང་ཡང་དེ་དང་གཅིག་མཚུངས་ཡིན་པས། ཁྱེད་ཚོས་ཁོང་རྣམས་ཀྱི་བཀའ་དྲིན་ནམ་ཡང་བརྗེད་མི་རུང་། བོད་མི་ ༩༩ ནས་རང་སྲོག་བློས་གཏོང་གནང་སྟེ་རང་ལུས་མེར་སྲེག་བཏང་འདུག་པའི་ནང་ཕལ་ཆེར་གཞོན་སྐྱེས་དང་དམིགས་བསལ་ཕྲུ་གུའི་ཕ་མ་སོགས་མང་པོ་ཞིག་འདུག་པ་རྣམས་ཀྱིས་ཁྱེད་ཚོར་བོད་ཀྱི་སྣོད་བཅུད་ཁོར་ཡུག་དང་བཅས་པར་རང་དབང་གིས་ལོངས་སྤྱོད་ཐུབ་ཆེད་ཡིན་པས་མི་དེ་ཚོར་རྗེས་དྲན་ཞུ་དགོས་པ་རེད། འཛམ་གླིང་ནང་བོད་ལ་གདུག་རྩུབ་གཏོང་བཞིན་པ་དེ་ལས་ཚབས་ཆེ་བ་ཞིག་ཡོང་རྒྱུ་མེད། ༸གོང་ས་ཏཱ་ལའི་བླ༌མ་མཆོག་གིས་བོད་དོན་བདེན་མཐའ་གསལ་ཆེད་འབྲེལ་མོལ་གྱི་ཐབས་ལམ་བཙལ་ཡང་སྐུ་ངལ་འཕྲད་པ་རེད། རྒྱ་ནག་ལ་ཡིད་ཆེས་བྱེད་རྒྱུ་ཤིན་ཏུ་ཁག་པོ་རེད། ཁྱེད་ཚོས་ལོ་མང་པོའི་རིང་སེམས་ཤུགས་མ་ཆག་པར་མངོན་འདོད་ཉར་བ་ཡིན་སྟབས། ཉིན་ཞིག་བོད་དོན་བདེན་མཐའ་གསལ་རྒྱུ་རེད། རྒྱ་གར་ནང་སྐྱེས་ཏེ་བོད་མཐོང་མ་མྱོང་མཁན་རྣམས་ཀྱིས་སྐད་ཡིག་སོགས་རྒྱུད་འཛིན་ཐུབ་པ་ནི་དགེ་མཚན་རེད། ཆོས་དང་རིག་གཞུང་གཅེས་ཉར་ཐུབ་པར་ཤིན་ཏུ་དགེ་མཚན་ཆེན་པོ་མཐོང་བྱུང་། ང་དང་ངའི་མངའ་སྡེའི་མི་མང་རྣམས་ནས་རྒྱབ་སྐྱོར་ཡོད། ཅེས་སོགས་ཀྱིས་གསུང་བཤད་གནང་ཡོད།
དེ་ནས་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་དང་ཀོང་རེ་སི་ཚོགས་པའི་གཞུང་འབྲེལ་སྐུ་ཚབ་ནཊ་ཆི་པན་(Dr S. Natchiappan) མཆོག་གིས་གསུང་བཤད་གནང་དོན། ང་ཚོའི་སྐུ་ཚབ་ཀྱི་གཙོ་འཛིན་མཆོག་ནས་གང་གསུངས་ལ་རྒྱབ་སྐྱོར་ཡོད། ང་ཚོའི་ཚོགས་པའི་དབུ་ཁྲིད་སོ་ནི་ཡ་གྷན་དྷི་དང་། ར་ཧུལ་གྷན་དྷི། སྲིད་བློན་མན་མོ་ཧན་སིངྒ་མཆོག་སོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུ་རྒྱུ་དང་། ང་ཚོས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་ཙམ་མ་ཟད། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སེམས་འཚབ་ཡོད། ཁྱེད་རང་ཚོ་བོད་མི་ཚང་མ་གཅེན་གཅུང་ལ་རྩི་བཞིན་ཡོད་པ་ལས་ཁྱིམ་མཚེས་དང་། སྐྱབས་བཅོལ་བ་སོགས་སུ་ངོས་འཛིན་ཞུ་གི་མེད། ཚོར་སྣང་དེ་ཡང་ང་ཚོའི་དབུ་ཁྲིད་སོ་ནི་ཡ་གྷན་དྷི་མཆོག་ལ་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས། །