༢༠༡༣ ཟླ་ ༡ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༥ ཉིན་གྱི་སྔ་དྲོ་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་རྨོག་རུ་བསྟན་པ་ལགས། གངས་ལྷ་མོ་ལགས། ཡེ་ཤེས་སྒྲོལ་མ་ལགས་བཅས་ཀྱིས་བྷི་ཧཱར་རྒྱལ་ས་པ་ཊ་ནའི་ནང་བོད་དོན་གཞུ་གཏུག་གི་ལས་འགུལ་སྤེལ་སྐབས། དེ་སྔའི་བྷི་ཧཱར་མངའ་སྡེའི་བློན་ཆེན་སྐུ་ཞབས་ལ་ལུ་པར་ས་དི་ཡཱ་དོ་(Mr. Lalu Prasad Yadav)མཆོག་དང་ཁོང་གི་ལྕམ་སྐུ་མཆོག་མཇལ་འཕྲད་གནང་བ་མ་ཟད། ཕྱེད་ཡོལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ལ་ལུ་བྷ་པུ་པར་ས་དི་(Mr. Lal Babu Prasad) མཆོག་དང། ཅིཏྲན་ཇན་ཀུ་མཱར་(Mr. Chitranjan Kumar) མཆོག ཝི་ཇེ་ཀུ་མཱར་(Mr. Vijay Kumar) མཆོག་སོགས་མཇལ་འཕྲད་གནང་སྟེ། བོད་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེའི་འོག་བོད་མི་རྣམས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་ཞི་རྒོལ་གནང་དང་གནང་མུས་ཡིན་པའི་སྐོར་ཞིབ་ཕྲ་གསལ་བཤད་གནང་བ་མ་ཟད། རྒྱ་གར་གཞུང་མང་གཉིས་ནས་ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྣམས་ལ་སེམས་ཐག་ཧ་ཅང་ཉེ་པོའི་ཐོག་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུས་པ་དང་སྦྲགས། སླད་ཀྱང་གྲོས་ཚོགས་འཐུས་མི་རྣམས་དང་ཆབ་སྲིད་དབུ་ཁྲིད་རྣམ་པས་བོད་དོན་ལས་འགུལ་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་མུ་མཐུད་གནང་རོགས་ཞུ་རྒྱུ་མ་ཟད།
ལྷག་པར་དེང་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞི་བཅོལ་ཏེ་བོད་མི་ཚོར་དཀའ་ངལ་ཧ་ཅང་འཕྲད་བཞིན་པའི་སྐབས་འདིར་རྒྱ་གར་དབུས་གཞུང་ནས་བོད་དོན་ཐོག་སྔར་བས་རྒྱབ་སྐྱོར་ཤུགས་ཆེ་བ་གནང་རྒྱུའི་འབད་བརྩོན་གནང་རོགས་ཞེས་སོགས་ཀྱི་འབོད་སྐུལ་ཞུས་པ་བཞིན། འབྲེལ་ཡོད་མངའ་སྡེའི་བློན་ཆེན་ཟུར་པ་དང། གྲོས་ཚོགསའཐུས་མི། ཆབ་སྲིད་དབུ་ཁྲིད་རྣམ་པ་བཅས་ཀྱིས་བོད་དོན་ནམ་ཡང་གློད་མ་བཏང་བར་དུས་རྟག་ཏུ་བོད་མི་ཚོའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་ཞུའི་ཁས་ལེན་ཡང་ཐོབ་ཡོད།
ཕྱི་ཚེས་ ༡༦ ཉིན་སྔ་དྲོ་ཆུ་ཚོད་ ༡༡ ཐོག་སྤྱི་འཐུས་རྣམ་པས་བྷི་ཧཱར་མངའ་སྡེའི་ལམ་ཁ་དང་འཛུགས་སྐྲུན་ཡར་རྒྱས་ཀྱི་བློན་ཆེན་སྐུ་ཞབས་ནནྟ་ཀི་ཤོར་ཡཱ་དོ་ (Mr. Nanth Kishore Yadav) མཆོག་གི་གཟིམ་ཤག་ཏུ་བཅར་ཏེ་བོད་དོན་རྒྱབ་སྐྱོར་ཆེད་འབོད་སྐུལ་ཞུས་པ་ལྟར། བློན་ཆེན་མཆོག་ནས་ཀྱང་བོད་མི་ཚོར་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་རྒྱུའི་ཁས་ལེན་གནང་ཡོད། དེ་རྗེས་ཆུ་ཚོད་ ༡༢།༣༠ ཐོག་མངའ་སྡེའི་ན་གཞོན་དང་རིག་གཞུང་བློན་ཆེན་ལྕམ་སྐུ་སུག་དཱ་པན་ཌེ་ (Madam Sukda Panday) མཆོག་དང་མཇལ་འཕྲད་གནང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་རྣམས་ཞིབ་ཕྲ་གསལ་བཤད་ཞུས་རྗེས་ལྕམ་སྐུ་མཆོག་གིས་ཧ་ཅང་དོ་སྣང་ཆེན་པོས་ཉན་ཞིབ་གནང་མཐར་བོད་མི་ཚོར་གདུང་སེམས་མཉམ་སྐྱེའི་ཐོག་ནས་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་མ་ཟད། ལྕམ་སྐུ་མཆོག་གིས་གོ་སྐབས་ནམ་བྱུང་སྐབས་བོད་དོན་ལ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་རྒྱུར་གྲ་སྒྲིག་ཨང་གསར་ཡོད་སྐོར་གསུངས་ཡོད།
དེ་རྗེས་ཉིན་གུང་ཆུ་ཚོད་ ༡ ཐོག་དེ་སྔའི་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ལ་ལུ་པར་ས་དི་ཡཱ་དོ་མཆོག་གིས་བོད་མིའི་སྐུ་ཚབ་རྣམ་པར་ཉིན་གུང་གསོལ་སྟོན་ཆེད་མགྲོན་འབོད་ལྟར་བཅར་ཡོད། སྐབས་དེར་སྤྱི་འཐུས་རྣམ་པས་མངའ་སྡེའི་བློན་ཆེན་མཆོག་དང་ཆབ་སྲིད་མི་སྣ་གལ་ཆེ་མང་པོ་དང་ཐུག་འཕྲད་གནང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞིབ་ཕྲ་གསལ་བཤད་གནང་ཐུབ་པ་བྱུང་ཡོད། གཞན་ཡང་སྐབས་དེར་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ལ་ལུ་པར་ས་དི་ཡཱ་དོ་མཆོག་གིས་བོད་མི་ཚོར་བདེན་པའི་རྒྱལ་ཁ་ཐོབ་སྟེ་རང་ཡུལ་བོད་དུ་ཕྱིར་ལོག་མ་ཐུབ་བར་ང་ཚོས་བོད་མི་ཚོར་རྒྱབ་སྐྱོར་མུ་མཐུད་བྱ་རྒྱུ་ཡིན་ཞེས་ཁས་ལེན་ཡང་གནང་ཡོད།
དེ་ཉིན་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་བོད་མིའི་དབུ་ཁྲིད་རྣམ་པས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོངས་ཨིམ་རཱཊ་ཁ་ཆེའི་མཐུན་ཚོགས། (All India Immrat Muslim) ཞེས་པའི་ཁ་ཆེའི་ཆོས་ཚོགས་ཀྱི་ཚོགས་པའི་གཙོ་འཛིན་སྐུ་ཞབས་ཧ་ཕི་ཛི་ཨི་མུ་དིན་(Mr. Hfiz Imudin) མཆོག་དང་ཐུག་འཕྲད་གནང་ཡོད། ཕྱེད་ཡོལ་ཆུ་ཚོད་ ༤ ཐོག་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་རུན་ཀུ་མཱར་སིནྷ་མཆོག་དང་ཐུག་འཕྲད་གནང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཞིབ་ཕྲ་གསལ་བཤད་ཞུས་ཡོད་པ་བཅས།།