༢༠༡༣ ཟླ་ ༡ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢ ཉིན་གྱི་ཕྱེད་ཡོལ་རྡ་ཤོད་བོད་ཁྱིམ་ཚོགས་ཁང་དུ་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་འཛིན་རིམ་བཅུ་གཅིག་པའི་སློབ་གཉེར་བ་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོ་དང་བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད་ཀྱི་ཟབ་སྦྱོང་ཐེངས་དགུ་པ་མཇུག་སྒྲིལ་ཐོག་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་དོན།
དེ་རིང་འདི་གར་སླེབས་པའི་སློབ་ཕྲུག་རྣམས་ལ་འཚམས་འདྲི་ཞུ་རྒྱུ་ཡིན། སྤྱིར་བཏང་ཟབ་སྦྱོང་ཞེས་བརྗོད་སྐབས་ལས་གཞི་གང་ཞིག་ཡིན་རུང་དེའི་ཐོག་གཏིང་ཟབ་ཤེས་ཐུབ་པའི་ཆེད་སྦྱང་བའི་དོན་དག་རེད། ང་ཚོས་སྔོན་མ་ཁྱེད་རང་ཚོའི་ལས་གནས་སྟངས་སྐྱོ་བའི་ཐོག་བསྡད་པ་རེད། ང་ཚོ་མི་རབས་རྒན་པ་ཚོས་ཁྱེད་རང་ཚོ་མ་འོངས་པའི་སོན་རྩ་རེད་ཅེས་དུས་རྟག་ཏུ་བརྗོད་ཀྱི་ཡོད། ད་ལྟ་ང་ཚོས་ཁ་མར་འཁོར་ཏེ་སྐད་ཆ་ཤོད་བཞིན་ཡོད་ཀྱང་ནམ་ཞིག་ཁྱེད་རང་ཚོ་ང་ཚོ་ལས་ལྷག་པ་བྱེད་དགོས་པ་དེ་འདྲ་ཆགས་ཀྱི་རེད། དེ་ལྟ་བུའི་ཟབ་སྦྱོང་འདི་སོ་སོའི་མི་ཚེའི་ནང་བེད་སྤྱོད་གཏོང་ཐུབ་པ་བྱ་རྒྱུ་དེ་ཟབ་སྦྱོང་གི་དགོས་པ་གཙོ་བོ་ཞིག་རེད། དེར་བརྟེན་ད་རེས་ཁྱེད་རང་ཚོར་གནས་ཚུལ་མང་དག་ཅིག་རག་ཡོད། ཆབ་སྲིད་ཉམས་ཞིབ་ཁང་གི་ལས་འཆར་འདི་གཅིག་རེད།
དེ་བཞིན་དབྱར་ཀ་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ལ་ཟབ་སྦྱོང་དེ་མཚུངས་གནང་གི་ཡོད། ཆབ་སྲིད་ཉམས་ཞིབ་ཁང་དང་ཤེས་རིག་ལས་ཁུངས། བོད་མིའི་སྒྲིག་འཛུགས་སོགས་ནས་དམིགས་ཡུལ་འཇོག་ས་ཁྱེད་རང་ཚོ་སློབ་ཕྲུག་ཚོ་ཆགས་ཀྱི་ཡོད། འདི་གར་སློབ་གྲྭ་འདྲ་མིན་ནས་སློབ་ཕྲུག་སླེབས་ཡོད་སྟབས། སོ་སོའི་ཉམས་མྱོང་ཕན་ཚུན་བརྗེ་རེས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གང་ལྟར་ཁྱེད་རང་ཚོ་དང་ང་ཚོའི་དུས་སྐབས་ལ་དབྱེ་བ་ཕྱེ་ན། ཁྱེད་རང་ཚོར་གོ་སྐབས་ཧ་ཅང་ཡག་པོ་རག་ཡོད། མཐུན་རྐྱེན་དང་དགེ་རྒན། དེ་བཞིན་གྲ་སྒྲིག་བྱེད་མཁན་བཅས་ཚང་མས་དོ་སྣང་བྱ་རྒྱུ་དེ་དག་ཤུགས་ཆེན་པོ་གནང་གི་འདུག སྔོན་མ་དོ་སྣང་དེ་འདྲ་མེད་དམ་ཞེ་ན། དོ་སྣང་ཡོད་ཀྱང་ཆ་རྐྱེན་ཧ་ཅང་སྐྱོ་པོ་རེད། འོན་ཀྱང་སློབ་ཕྲུག་ཚོའི་བསམ་བློའི་ནང་དཀའ་ལས་རྒྱག་ཐུབ་པ་བྱེད་ཀྱི་ཡིན་བསམ་པའི་སེམས་ཤུགས་ཆེན་པོ་ཡོད།
སྔོན་མ་ང་ཚོ་སློབ་གྲྭ་ཐོན་རྗེས་ལས་ཀ་འཚོལ་རྒྱུར་དཀའ་ངལ་དེ་ཙམ་མེད། དེང་སྐབས་ལས་ཀ་འཚོལ་རྒྱུར་དཀའ་ངལ་ཆེན་པོ་འདུག སོ་སོའི་ངོས་ནས་སློབ་སྦྱོང་སོགས་ལ་འབད་བརྩོན་ཤུགས་ཆེ་ཙམ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། གང་ལྟར་སྔ་མོ་དང་མི་འདྲ་བའི་ཁྱེད་རང་ཚོའི་མི་ཚེ་ཧ་ལས་པའི་འགྲན་བསྡུར་ནང་སླེབས་ཀྱི་ཡོད། དེའི་ཚོད་ཀྱིས་སོ་སོ་རང་ཉིད་ནས་གང་ཅིའི་ཐད་འབད་བརྩོན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། མདོར་ན། མ་འོངས་པར་ང་ཚོས་རྩ་དོན་བསྒྲུབ་རྒྱུ་དང་སྒྲིག་འཛུགས་མཇུག་སྐྱོང། མི་རིགས་དང་རིག་གཞུང་མུ་མཐུད་སྲ་བརྟན་སོགས་ཕྱོགས་ཡོངས་རྫོགས་བསྡུས་ན། སློབ་ཕྲུག་ཁྱེད་རང་ཚོ་གལ་ཆེན་པོ་ཆགས་ཀྱི་ཡོད། ཇིའུ་ཤི་མི་རིགས་ཀྱིས་གལ་ཆེ་ཤོས་ཤེས་ཡོན་རྩི་བཞིན་འདུག དེར་བརྟེན་ང་ཚོས་ཇིའུ་ཤི་རིགས་ཀྱིས་བྱེད་སྟངས་དེར་བསམ་གཏོང་དགོས་ཀྱི་འདུག
ང་ཚོའི་སྲིད་སྐྱོང་མཆོག་ཁྱེད་རང་ཚོའི་གནས་སྟངས་ལས་ཀྱང་སྐྱོ་བའི་སྐབས་ལ་ཡིན་རུང་སོ་སོས་འབད་བརྩོན་གནང་སྟེ་ཧ་ཝར་ཌེ་གཙུག་ལག་སློབ་གཉེར་ཁང་ནས་སློབ་སྦྱོང་ཐོན་རྗེས་སོ་སོའི་མི་རིགས་དང་སྤྱི་ཚོགས་ལ་ཞབས་ཕྱི་སྒྲུབ་པར་ཕེབས་ཡོད། དེ་ལྟ་བུ་ག་ཚོད་མང་མང་འཐོན་རྒྱུར་འབད་བརྩོན་བྱེད་དགོས་ཀྱི་འདུག སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་དང་ཆབས་ཅིག་བོད་སྐད་བརྒྱབ་ན་གཙང་མ་ཞིག་རྒྱག་དགོས། སོགས་ཀྱི་གསུང་བཤད་གནང་སྟེ་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་སློབ་ཕྲུག་ཚོའི་ཕྱག་འཁྱེར་ཁོང་ཚོའི་སྐུ་ཚབ་དགེ་རྒན་རྣམ་པར་གནང་སྟེ་ཟབ་སྦྱོང་ལེགས་གྲུབ་བྱུང་བ་བཅས། །