༢༠༡༣ ཟླ་༡ ཚེས་ ༣༡ རེས་གཟའ་ཕུར་བུ།
༄༅། །ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣༡ ཉིན་བཏང་གནས་ནང་འཁོད་དོན། དཔལ་ལྡན་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣ ནས་ ༢༤ བར་པ་ཊ་ཎ་དང་། ཝར་ཎ། མོན་
གྷོ། སྡེ་ར་ལྡུན་བཅས་སུ་གཞུང་དོན་ཕྱོགས་ཕེབས་ཀྱིས་སྦི་ཧར་མངའ་སྡེའི་རྒྱལ་ས་པ་ཊ་ཎ་རུ་བསྐྱངས་པའི་རྒྱལ་སྤྱིའི་ནང་པའི་དགེ་འདུན་གྱི་ལྷན་ཚོགས་ (International Buddhist Sangha Conference) དང་། ཝར་ཎར་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་གོ་སྒྲིག་ཞུས་པའི་ནང་ཆོས་དང་སྤྱི་ཚོགས་ཞེས་པའི་བརྗོད་གཞིའི་ཐོག་ཉིན་གསུམ་གྱི་རྒྱལ་སྤྱིའི་ལྷན་ཚོགས་ (Buddhism and Society, A three day International Conference) སུ་ཕེབས་པ་མ་ཟད། ཞྭ་སེར་བསྟན་པའི་མངའ་བདག་སྐྱབས་རྗེ་དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེ་མཆོག་དང་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་རྣམ་གཉིས་ལ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། དེ་བཞིན་རྡོར་གདན་བྱང་ཆུབ་མཆོད་རྟེན་འཛིན་སྐྱོང་ཚོགས་ཆུང་(Bodhgaya Temple Management Committee)ནས་མགྲོན་འབོད་ཞུས་པ་ལྟར། བཀའ་བློན་མཆོག་སྦི་ཧར་མངའ་སྡེའི་རྒྱལ་ས་པ་ཊ་ཎ་རུ་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༥ ནས་ ༧ བར་རྒྱལ་སྤྱིའི་ནང་པའི་དགེ་འདུན་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་ཆེད་ཕེབས་སྐབས། མགྲོན་ཁང་དུ་ས་གནས་རྫོང་དཔོན་དང་། རྒྱལ་ཁབ་གཞན་ནས་ཕེབས་པའི་ནང་པའི་བླ་ཆེན་རྣམ་པར་འཚམས་ཞུའི་མཇལ་འཕྲད་ཞུས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་ཉིན་གུང་གསོལ་སྟོན་དང་། དབུ་འབྱེད་ཚོོགས་འདུ་བཅས་སུ་མཉམ་ཞུགས་གནང་ཡོད། ཕྱི་ཚེས་ ༧ ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་ཏེ་བཀའ་བརྒྱུད་སྨོན་ལམ་གྱི་ཚོགས་ཁང་གསར་པར་གཟིགས་ཞིབ་རྗེས་ཝར་ཎ་ཕྱོགས་སུ་ཕེབས།
ཕྱི་ཚེས་ ༨ ཉིན་ཝར་ཎར་ཕེབས་འབྱོར་གྱིས་ཕྱི་ཚེས་ ༡༠ ལ་སྲིད་ཞིའི་རྣམ་འདྲེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཝར་ཎ་གསུང་ཆོས་གོ་སྒྲིག་ཚོགས་ཆུང་ནས་བརྟན་བཞུགས་བསྟར་འབུལ་ཞུས་པའི་མཛད་སྒོ་དང་། ཕྱི་ཚེས་ ༡༡ ཉིན་ཝར་ཎ་མཐོ་སློབ་ཏུ་མགོན་པོ་གང་ཉིད་མཆོག་དབུ་བཞུགས་ཐོག་ནང་ཆོས་དང་སྤྱི་ཚོགས་ཞེས་པའི་བརྗོད་གཞིའི་ཐོག་ཉིན་གསུམ་གྱི་རྒྱལ་སྤྱིའི་ལྷན་ཚོགས་དབུ་འབྱེད་མཛད་སྒོ་བཅས་སུ་མཉམ་ཞུགས་གནང། དེའི་ཉིན་རྒྱབ་བོད་དགོན་བཤད་སྒྲུབ་འདོད་རྒུ་གླིང་དུ་དགོན་པ་མིང་འགྱུར་གྱི་མཛད་སྒོར་བཅཪ་ཞུགས་ཀྱིས་གསུང་བཤད་གནང་། ཕྱི་དྲོ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོས་གོ་སྒྲིག་ཞུས་པའི་གསོལ་སྟོན་དུ་ཞྭ་སེར་བསྟན་པའི་གསལ་བྱེད་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་དབུས་
དགོན་པའི་འགན་འཛིན་དང་། གདན་སའི་མཁན་པོ་རྣམ་པར་མཇལ་འཕྲད་སོགས་གནང་སྟེ་ཝར་ཎའི་ལས་འཆར་ལེགས་པར་གྲུབ་རྗེས་ལྡི་ལི་བརྒྱུད་མོན་གྷོ་ཕྱོགས་སུ་ཕེབས་ཐོན་གནང་།
ཕྱི་ཚེས་ ༡༣ ཉིན་གྷོ་ཝ་གནམ་ཐང་དུ་མོན་གྷོ་འདོད་རྒུ་གླིང་གི་ས་གནས་འགོ་འཛིན་ནས་ཕེབས་བསུར་བཅར་ཐོག་འདོད་རྒུ་གླིང་ས་གནས་སུ་ཕེབས་འབྱོར་བྱུང་ཞིང་ཚོགས་སྡེ་ཁག་གི་སྐུུ་ཚབ་ནས་ཕེབས་བསུ་སྣེ་ལེན་ཞུས། ཞྭ་སེར་བསྟན་པའི་མངའ་བདག་སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གི་བླ་བྲང་དང་འབྲས་སྤུངས་བློ་གསལ་བྱེ་བའི་གླིང་གྲྭ་ཚང་ནས་ཆོས་རིག་ལས་ཁུངས་ཀྱིས་འབོད་བསྐུལ་ཞུས་དོན་བརྟན་བཞུགས་ཀྱི་སྟ་གོན་ལེགས་པར་སྔོན་སོང་ཐོག ཕྱི་ཚེས་ ༡༤ ཉིན་འབྲས་སྤུངས་བློ་གསལ་གླིང་ཚོམས་ཆེན་དུ་གནས་བརྟན་ཕྱག་མཆོད་དང་འབྲེལ་བའི་སྒོ་ནས་སྐྱབས་རྗེ་དགའ་ལྡན་ཁྲི་པ་རི་རྫོང་སྲས་སྤྲུལ་རིན་པོ་ཆེ་ལ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་བརྟན་བཞུགས་བསྟར་འབུལ་ཞུས། རྡོ་རྗེ་སློབ་དཔོན་འབྲས་བློ་གླིང་མཁན་པོ་རྒྱུད་སྟོད་མཁན་ཟུར་རྟོགས་ལྡན་རིན་པོ་ཆེ་མཆོག་གིས་གནང་ཡོད་ཅིང་། ཆོས་རིག་བཀའ་བློན་མཆོག་གིས་ཆོ་གའིི་ཚིག་བསྟུན་གྱིས་རྟེན་གསུམ་འདེགས་འབུལ་སོགས་ཞུས། འདུས་ཚོགས་ནས་ཚོགས་མཆོད་ཕུལ་བ་སོགས་བཀྲ་ཤིས་ཀྱི་མཚམས་སྦྱོར་དང་བཅས་མཛད་སྒོ་ལེགས་པར་གྲུབ།
ཕྱི་ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕེབས་བསུར་བཅར་ཞིང་། ཉིན་རྒྱབ་ཞྭ་སེར་བསྟན་པའི་གསལ་བྱེད་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་གི་མཇལ་ཁར་བཅར་ནས་བསྙུན་བཞེས་མྱུར་གྲོལ་གྱི་གསོལ་འདེབས་སོགས་ཀྱང་ཞུས། ཕྱི་དྲོར་འཇང་དགུན་ཆོས་ཀྱི་མཇུག་བསྡོམས་མཛད་སྒོ་དང་། དེ་ནས་ཕྱི་ཚེས་ ༡༧ ཉིན་འབྲས་སྤུངས་བླ་སྤྱིའི་འདུ་ཁང་དུ་༸གོང་ས་མཆོག་དབུ་བཞུགས་ཀྱིས་སེམས་དང་སྲོག་གི་བགྲོ་གླེང་དུ་ཆེད་ཕེབས་གནང༌། དེ་ནས་མོན་གྷོར་ཆེད་ཕེབས་གནང་སྟེ་ལས་འཆར་ཁག་ལེགས་པར་གྲུབ་མཚམས་ཕྱི་ཚེས་ ༡༨ ཉིན་གྷོ་ཝར་ཕེབས་ཏེ་བཀའ་བློན་མཆོག་གིས་འདོད་རྒུ་གླིང་ས་གནས་འགོ་འཛིན་དང་ལྷན་དུ་ཞྭ་
སེར་བསྟན་པའི་གསལ་བྱེད་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་བསྙུན་གསོས་མཇལ་ཁ་ཞུས་ཡོད།
ཕྱི་ཚེས་ ༡༩ ཉིན་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་ཤིང་ཕྱི་ཚེས་ ༢༠ ཉིན་བསམ་ཡས་གླིང་དུ་ཡོད་པའི་འབྲས་སྤུངས་སྔགས་པ་གྲྭ་ཚང་དུ་འཚམས་གཟིགས་ཕེབས། ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་བཀའ་བློན་མཆོག་མེ་འཁོར་བརྒྱུད་སྡེ་ར་ལྡུན་དུ་ཕེབས་ཐོན་གནང་བས། མེ་འཁོར་འབབ་ཚུགས་སུ་ཕེབས་བསུར་སྡེ་ར་ལྡུན་ས་གནས་འགོ་འཛིན་དང༌། བྱང་ཕྱོགས་ཁྲིམས་ཞིབ་ལས་ཁུངས་ཀྱི་ཁྲིམས་དྲུང༌། བདེ་སྐྱིད་གླིང་ས་འཐུས་སྐུ་ཚབ། བདེ་སྐྱིད་གླིང་སྤྱི་ཁྱབ་སྐུ་ཚབ། མཁས་གྲུབ་བྱེ་བའི་འབྱུང་གནས་འབྲི་གུང་བྱང་ཆུབ་གླིང་གི་མཁན་པོ་རང་གྲོལ་དང་ཕྱག་མཛོད་བླ་མ་ཚེ་དབང་བཅས་བཅར་འདུག ཕྱི་དྲོའིི་ཆུ་ཚོད་ ༦་༠༠ ཙམ་དུ་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་ལ་འཚམས་འདྲིའི་མཇལ་ཁ་བཅར།
ཕྱི་ཚེས་ ༢༢ ཉིན་ས་གནས་སུ་ཡོད་པའི་སུཝིཌྣ་རོགས་ཚོགས་ཨྱེམ་ (IM, The Swedish Organisation for individual relief) གྱི་རྒྱ་བལ་ལས་ཁུངས་ཀྱི་ངེས་སྟོན་པ་ལྕམ་སྐུ་སོ་ཕོ་ཡ་ཨོལ་སོན་ལགས་ (Sofia Olsson) དང་མཇལ། ཕྱི་ཚེས་ ༢༣ ཉིན་འབྲི་གུང་བྱང་ཆུབ་གླིང་གི་འདུས་མང་དང་འབྲི་གུང་སྐྱབས་མགོན་མཆོག་གི་ཕྱག་མཛོད་ཁང་ནས་སྟ་གོན་སྔོན་སོང་ཐོག སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་ལ་དྭགས་རྟོགས་ལྡན་རིན་པོ་ཆེས་རྡོ་རྗེ་སློབ་དཔོན་མཛད་དེ་འབྲི་གུང་བྱང་ཆུབ་གླིང་གི་ཚོམས་ཆེན་དུ་སྒྲུབ་བརྒྱུད་བསྟན་པའི་མངའ་
བདག་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་ལ་ཚེ་དཔག་མེད་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས། སྐབས་དེར་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ནས་རྟེན་གསུམ་འདེགས་འབུལ་དང་། དེ་བཞིན་འཕགས་ཚོགས་འདུས་པ་རྒྱ་མཚོར་གསོལ་ཇ་འབྲས་སིལ་དང་སྐུ་འགྱེད་ཧིན་སྒོར་ ༥༠ རེའི་བསྙེན་བཀུར་ཞུས་པ་སོགས་བརྟན་བཞུགས་ལེགས་པར་གྲུབ།
ཕྱི་ཚེས་ ༢༤ ཉིན་བཞུགས་སྒར་དུ་ཕྱིར་ཕེབས་ཏེ་ཕྱི་ཚེས་ ༢༩ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་བཀའ་སྤྱི་གཉིས་ནས་གོ་སྒྲིག་གནང་བའི་གཞི་རྒྱ་ཆེ་བའི་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་དུ་མཉམ་ཞུགས་ཆེད་ལྡི་ལིར་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་བཅས། །