༢༠༡༢ ཟླ་ ༡༢ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་དང་། ནིའུ་འཇར་སི་ཁུལ་དུ་གནས་འཁོད་བོད་མི་རྣམས་ཀྱིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ཧྲིལ་པོ་ ༢༣ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་དེ་རེས་གཟའ་སྤེན་པའི་ཉིན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོགས་སྡེ་བཞིའི་ནང་གཟབ་རྒྱས་ངང་ཚོགས་ཡོད།
དེ་ཡང་ཐོག་མར་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། ནོ་བེལ་བསྟོད་གླུ་ལེན་ཏེ་མཛད་སྒོ་དངོས་གཞི་དབུ་འཛུགས་དང་འབྲེལ་བོད་བསྟན་སྲིད་མི་རིགས་ཀྱི་སླད་སྐུ་སྲོག་བློས་གཏོང་གནང་མཁན་དང་། ཁོང་རྣམ་པའི་ཤུལ་ལུས་ནང་མི་རྣམས་ལ་རྗེས་དྲན་དང་། མྱ་ངན་མཚོན་པའི་ཆེད་ངག་བཅད་སྐར་མ་གཅིག་གནང་། ཨ་རི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་དང་། བྱང་ཨ་རིའི་སྤྱི་འཐུས་རྣམ་གཉིས་སོགས་སྐུ་མགྲོན་རྣམ་པས་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་གྲུབ་རྗེས། སྐུ་ཚབ་དོན་གཅོད་མཆོག་ནས་སྤྱི་མཐུན་ཚོགས་པས་རེ་སྐུལ་གནང་བ་ལྟར། རིག་གཞུང་བསྟི་གནས་ཁང་གི་སྤྱི་ཁང་དེར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་སྨོན་སྐྱབས་འཇུག་དང་འབྲེལ་མིང་བྱང་གསོལ་སྩལ་ཡོང་བའི་གསོལ་འདེབས་ཞུས་པར། ༸གོང་ས་མཆོག་ནས་སྤྱི་ཁང་གི་མིང་བྱང་དུ། ཕུན་ཚོགས་སྡེ་བཞི། ཞེས་གསོལ་སྩལ་བཀའ་དྲིན་ཆེ་བ་སྩལ་བའི་ཁྱབ་བསྒྲགས་གནང་།
དེ་རྗེས་ས་གནས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཀུན་དགའ་འཕྲིན་ལས་ལགས་ནས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་སྐབས། ད་ལྟའི་དུས་སྐབས་དམིགས་བསལ་ཅན་གྱི་སྐབས་འདིར་ཚང་མས་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དྲིན་རྗེས་དྲན་དགོས་པ་དང་། རང་གིས་རང་ལ་ཞུ་དག་བཏང་ནས་སྤྱི་པའི་དོན་དག་ལ་མ་འཆུག་པ་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། ཞོར་དུ་སྤྱི་ཁང་གསར་པའི་གནས་སྟངས་དང་། འཛུགས་སྐྲུན་ལས་གཞིའི་སྐོར་གོ་སྐབས་འདི་བརྒྱུད་མང་ཚོགས་ལ་གསལ་བཤད་གནང་ཡོད།
དེ་ནས་སྐུ་ཚབ་དོན་གཅོད་ཀྱིས་གསུང་བཤད་གནང་བའི་ནང་ ༸གོང་ས་༸སྐྱབས་མགོན་ཆེན་པོའི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་གྱི་མཚན་སྙན་དང་། རླབས་ཆེན་གྱི་མཛད་འཕྲིན་ཉི་མ་ལྟ་བུ་ཡིན་པས་སུ་གཅིག་གིས་འགེབས་ཐབས་མེད། རྒྱ་ནག་གཞུང་དང་། དོལ་རྒྱལ་རྗེས་འབྲངས་པ་རེ་ཟུང་གིས་༸གོང་ས་མཆོག་ལ་གཞི་མེད་ཀྱི་སྐྱོན་འཛུགས་དང་མཚན་སྨད་དང་། རང་རེའི་སྤྱི་ཚོགས་ཁྲོད་ཀྱི་བོད་པ་རེ་ཟུང་གིས་རྩ་དོན་ཁ་ལ་འཁྱེར་ནས་༸གོང་ས་མཆོག་ལ་ཟུར་ཟ་བྱེད་མཁན་ཡོང་གི་ཡོད་ཀྱང་། ཉི་མ་ལྟ་བུའི་གང་གི་མཛད་འཕྲིན་ནི་སུས་ཀྱང་མེད་པ་བཟོ་ཐབས་མེད་པའི་སྐོར་དང་། ཉེ་བའི་དུས་ཡུན་ནང་བོད་མིའི་སྒྲིག་འཛུགས་ཀྱིས་མང་གཙོའི་ཐོབ་ཐང་དང་།
སྨྲ་བརྗོད་རང་དབང་འགོག་ཐབས་བྱེད་ཀྱི་ཡོད་པ་དང་། རང་བཙན་འཐབ་རྩོད་བྱེད་མཁན་ལ་འགོག་རྐྱེན་བཟོ་གི་ཡོད་འདྲའི་གཞི་མེད་ཀྱི་སྐྱོན་འཛུགས་དང་། གནས་ཚུལ་སྤེལ་གྱི་ཡོད་པ་དེ་ཚོ་ནི་བདེན་པ་མིན་པ་མང་ཚོགས་ནས་ཤེས་དགོས་རྒྱུའི་ཐོག གཞན་ལ་དངོས་དོན་འགྲེལ་བཤད་ཐུབ་པ་དགོས་རྒྱུ་གལ་ཆེ་ཡིན་པའི་སྐོར་ནན་བརྗོད་གནང་ཡོད། དོན་གཅོད་མཆོག་ནས་ད་དུང་། བཙན་བྱོལ་ནང་རང་བཙན་འཐབ་རྩོད་བྱེད་མཁན་ཤུགས་ཆེ་ཤོས་ནི་གཞོན་ནུ་ལྷན་ཚོགས་ཡིན་པས། གཞོན་ནུ་ལྷན་ཚོགས་ལ་བོད་མིའི་སྒྲིག་འཛུགས་ནས་སྡང་ཟུག་དང་། བཀག་སྡོམ་བྱས་པ་གང་ཡང་མེད་ན་ཡང་། ང་རང་ཚོ་བོད་པ་རེ་ཟུང་ནས་དེ་འདྲ་བའི་སྐད་ཆ་ཤོད་ཀྱི་ཡོད་ལ། ཕྱི་མིས་ཀྱང་དེ་ལྟར་བྲིས་ཡོང་གི་ཡོད་པ་དེ་ཚོ་ཚང་མས་མཁྱེན་གྱི་ཡོད་པ་རེད་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་བྱང་ཨ་རིའི་སྤྱི་འཐུས་ནོར་བུ་ཚེ་རིང་ལགས་དང་། སྤྱི་འཐུས་བཀྲིས་རྣམ་རྒྱལ་ལགས་ནས་ཀྱང་གསུང་བཤད་གནང་བའི་སྐབས་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་དགོས་པ་དང་། ད་ལྟ་ནི་ཚང་མས་ནུས་ཤུགས་སྒྲིལ་ནས་ཆིག་སྒྲིལ་གྱི་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་དགོས་པའི་དུས་ལ་བབ་ཡོད་པའི་སྐོར་གསུང་ཡོད། མཛད་སྒོ་གྲུབ་རྗེས་བོད་རིགས་སྤྱི་མཐུན་ཚོགས་པའི་ཉིན་མོའི་སློབ་གྲྭའི་སློབ་མ་རྩེ་ཕུད་རྣམས་ལ་དོན་གཅོད་མཆོག་ནས་བྱ་དགའ་གསོལ་རས་གནང་གྲུབ་པའི་རྗེས་ཉིན་རྒྱབ་གཞིས་ལུས་དཔའ་བོ་དཔའ་མོ་དང་། ཁོང་རྣམ་པའི་རྗེས་ཤུལ་ནང་མི་རྣམས་ཀྱི་ཆེད་དུ་ཞབས་རིམ་གསོག་སྒྲུབ་དང་། སྨོན་ལམ་གསུང་འདོན་གནང་ཡོད་པ་རེད།
མཇུག་ཏུ་སྐུ་ཚབ་དོན་གཅོད་མཆོག་ནས་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐག་གཅོད་གནང་བ་ལྟར། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་གཟི་བརྗིད་ཆེ་བའི་ལས་འགུལ་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་མཇུག་སྡོམ་དང་འབྲེལ་གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེའི་ལས་འགུལ་སྤེལ་གྱི་ཡོད་པ་དེ་ཉིན་སྔོན་དུ་ཞུས་པ་བཞིན་མི་མང་གང་མང་མཉམ་ཞུགས་དགོས་པའི་འབོད་སྐུལ་ཡང་ཤུགས་ཆེ་གནང་ཡོད་པ་བཅས།།