༢༠༡༢ ཟླ་ ༡༢ ཚེས་ ༡༥ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༡ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་རྟེན་གཞི་བྱས་པའི་ཨ་རིའི་རྒྱལ་སྤྱིའི་བརྒྱུད་ལམ་ཚོགས་ཆུང་ (Committee for U.S. International Broadcasting)དང་རྒྱ་ནག་ནང་གི་བུད་མེད་ཐོབ་ཐང་རྩོད་ལེན་པ། (Women’s Rights in China) ཞེས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་གཉིས་ཀྱིས་ནིའུ་ཡོཀ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་བོད་ཁང་དུ་ (Tibet House) བོད་ཀྱི་གནད་དོན་ཐོག་ལྷན་ཚོགས་ཤིག་གོ་སྒྲིག་གནང་སྟེ། བོད་མིས་རང་ལུས་མེར་སྲེག་བཏང་བའི་གནད་དོན་ཐོག་སེམས་འཚབ་ཡོད་པའི་བསྒྲགས་གཏམ་ཞིག་སྤེལ་ཡོད། དེ་ཡང་ཨ་རིའི་རྒྱལ་སྤྱིའི་བརྒྱུད་ལམ་ཚོགས་ཆུང་གི་འགན་འཛིན་ལྕམ་སྐུ་ཨན་ནུ་ནན་ (Ann Noonan) མཆོག་གིས་སྤེལ་བའི་བསྒྲགས་གཏམ་དེའི་ནང་འཁོད་དོན། ཨ་རིའི་རྒྱལ་སྤྱིའི་བརྒྱུད་ལམ་ཚོགས་ཆུང་འདི་ནི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་འདིས་རང་དབང་མེད་པའི་ཡུལ་གྲུ་ཁག་གི་ནང་གནས་ཚུལ་རྣམས་འཁྱོག་བཤད་མེད་པར་ཨ་རི་བརྒྱུད་ནས་གཏོང་རྒྱུའི་ལས་གཞི་དེར་རྒྱ་སྐྱེད་དང་སྲ་བརྟན་ཡོང་རྒྱུར་མཐུན་འགྱུར་རོགས་འདེགས་ཞུ་བཞིན་ཡོད།
ང་ཚོས་ཨ་རིའི་གཞུང་གི་གསར་འགྱུར་བརྒྱུད་ལམ་འགན་འཛིན་ལྷན་ཚོགས་ (Broadcasting Board of Governors) ཀྱིས་ལས་དོན་ལ་རྒྱབ་སྐྱོར་ཞུས་ཐོག་གསར་འགྱུར་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཞུ་མཁན་གྱི་གསར་འགོད་པའི་ལས་རིགས་ལམ་ལྷོང་ལྡན་པ་ཡོང་ཆེད་མཐུན་འགྱུར་གང་ཐུབ་ཞུ་བཞིན་ཡོད། དམིགས་ཡུལ་དེ་དག་གཙོ་བཟུང་ཐོག་ང་ཚོས་གསར་འགྱུར་བརྒྱུད་ལམ་གྱི་ལས་དོན་ཚགས་ཚུད་དང་ནུས་ལྡན་ཞིག་ཡོང་རྒྱུར་འབད་བརྩོན་གང་ཡོད་ཀྱིས་རང་དབང་མེད་པའི་ཡུལ་གྲུ་ཁག་གི་ནང་གསར་འགྱུར་གཏོང་མཁན་ཚོར་མཐུན་རྒྱུར་ཡར་རྒྱས་གཏོང་ཐབས་བྱེད་མུས་ཡིན། སྔ་ལོར་ཨ་རིའི་རྒྱལ་སྤྱིའི་བརྒྱུད་ལམ་ཚོགས་ཆུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་མང་དག་ཅིག་དང་དབུ་ཁྲིད་མང་པོ་ཞིག་གིས་རྒྱབ་སྐྱོར་ཐོག་ཨ་རིའི་བོད་སྐད་གསར་འགྱུར་བརྒྱུད་ལམ་ (Voice of America’s Tibetan Service) ལ་རྒྱབ་སྐྱོར་ཤུགས་ཆེ་ཞུས་ཡོད།
སྤྱིར་ཨ་རིའི་བོད་སྐད་གསར་འགྱུར་རླུང་འཕྲིན་དང་བརྙན་འཕྲིན་བཙུགས་ཏེ་ལོ་ངོ་ ༢༠ འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་དུས་ཆེན་དེ་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད་པ་མ་ཟད། ཨ་རིའི་བོད་སྐད་རླུང་འཕྲིན་ཁང་བཙུགས་ཐུབ་པར་བསྔགས་བརྗོད་ཧ་ཅང་ཐོབ་ཡོད། འོན་ཀྱང་ཨ་རིའི་གཞུང་གི་གསར་འགྱུར་བརྒྱུད་ལམ་འགན་འཛིན་ལྷན་ཚོགས་ (Broadcasting Board of Governors) ཀྱི་འཆར་ལོ་ཕྱི་ལོ་ ༢༠༡༣ ལོའི་སྔོན་རྩིས་འཆར་རྩིས་ (budget proposal) ནང་བོད་སྐད་གསར་འགྱུར་བརྙན་འཕྲིན་གཅིག་པུ་མ་གཏོགས་བོད་སྐད་རླུང་འཕྲིན་ཆེད་དཔལ་འབྱོར་རོགས་དངུལ་གྱི་འགྲོ་གྲོན་མཚམས་འཇོག་བྱ་རྒྱུའི་ཐག་གཅོད་བྱུང་ཡོད།
འོན་ཀྱང་བོད་སྐད་བརྙན་འཕྲིན་དེ་བཞིན་རླུང་འཕྲིན་ལྟར་བོད་ནང་ཁྱབ་ཆེན་པོ་འགྲོ་མ་ཐུབ། དེར་བརྟེན་སྔོན་རྩིས་འཆར་རྩིས་དེར་ཁྲིམས་སུ་གཏན་འབེབས་བྱུང་མཚམས་ཨ་རིའི་གཞུང་གིས་ཨ་རིའི་བོད་སྐད་རླུང་འཕྲིན་ (VOA Tibetan Service.)འཛུགས་རྒྱུའི་ཁྲིམས་ལུགས་གཏན་འབེབས་བྱས་པ་དེའི་དགོས་དམིགས་དེར་ཕམ་ཉེས་བྱུང་བ་ཞིག་ཆགས་རྒྱུ་ཡིན། དེར་བརྟེན་སྔོན་རྩིས་འཆར་རྩིས་ནང་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གི་སྔོན་རྩིས་གཅོག་ཆ་མི་ཡོང་ཆེད་ཚང་མས་ཡིད་གཟབ་གནང་རོགས་ཞུ་རྒྱུ་ཡིན།
ཨ་རིའི་བོད་སྐད་རླུང་འཕྲིན་ཉན་མཁན་ཚོས་བརྒྱུད་ལམ་འདི་གལ་གནད་ཆེན་པོ་མཐོང་བ་ལྟར། ཨ་རིའི་གཞུང་གི་གསར་འགྱུར་བརྒྱུད་ལམ་འགན་འཛིན་ལྷན་ཚོགས་ཀྱིས་མཐོང་མ་ཐུབ་པ་དེར་རྒྱུ་མཚན་འགའ་ཤས་ཡོད་ངེས་ཆེ། འདས་པའི་ཟླ་ཤས་ནང་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་ཕྱིན་ཡོད། དེའི་ཁོངས་ནས་བོད་མི་རྒན་དར་གཞོན་གསུམ་དང་ཕོ་མོ། སྐྱ་སེར་རྣམས་རྒྱ་ནག་གཞུང་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེར་བཟོད་ཐབས་བྲལ་ཏེ་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་ཐོག་ནས་རང་གི་མངོན་འདོད་རྣམས་འཛམ་གླིང་གིས་ཤེས་རྟོགས་ཐུབ་ཐབས་གནང་ཡོད། བོད་ཀྱི་ས་ཁུལ་ཁག་ཏུ་འགྲོ་རྒྱུར་དམ་བསྒྲགས་བྱེད་བཞིན་ཡོད། དེར་བརྟེན་གསར་འགོད་པ་ཚོས་ས་གནས་བོད་མི་ཚོའི་གནས་སྟངས་ཇི་ཡིན་གསལ་རྟོགས་ཐུབ་དཀའ་བ་ཆགས་ཡོད།
རྒྱལ་སྤྱིའི་སྒྲིག་འཛུགས་ཀྱིས་བོད་མིའི་དཀའ་ངལ་དེ་སྣང་མེད་དུ་འཇོག་ཐབས་མེད། རང་ལུས་མེར་སྲེག་གཏོང་མཁན་རེ་རེས་བོད་མིའི་དཀའ་ངལ་གསལ་སྟོན་བྱེད་བཞིན་ཡོད། ཨ་རིའི་རྒྱལ་སྤྱིའི་བརྒྱུད་ལམ་ཚོགས་ཆུང་གིས་བོད་ནང་རྟོག་ཞིབ་པ་དང་རང་དབང་ཅན་གྱི་གསར་འགོད་པ་སོགས་བོད་དུ་འགྲོ་རྒྱུ་མ་ཟད། ལྷག་པར་རང་ལུས་མེར་སྲེག་གི་དོན་རྐྱེན་དེ་དག་བྱུང་སའི་ས་ཁུལ་ཁག་ཏུ་འགྲོ་རྒྱུར་རྒྱ་ནག་གཞུང་གིས་ཆོག་མཆན་སྤྲོད་དགོས་པའི་རེ་འདུན་ཤུགས་ཆེ་འདོན་རྒྱུ་ཡིན། ཞེས་སོགས་འཁོད་ཡོད་པ་བཅས།།