༢༠༡༢ ཟླ་ ༡༢ ཚེས་ ༡༢ རེས་གཟའ་ལྷག་པ།
༅༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དགའ་ལྡན་ཁྲི་རིན་པོ་ཆེ་མཉམ་ཞུགས་ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་གྲོང་གསུམ་པའི་རྩེད་ཐང་དུ་བོད་དང་བོད་མིའི་སླད་ཉིན་བརྒྱ་དུས་གཅིག་གི་གདུང་སེམས་མཉམ་སྐྱེའི་ལས་འགུལ་རྒྱ་ཆེ་སྤེལ་ཡོད།
དེ་ཉིན་ཕྱི་དྲོ་ ༤།༣༠ ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག དགའ་ལྡན་ཤར་རྩེའི་མཁན་པོ་བྱང་ཆུབ་ཆོས་ལྡན་མཆོག བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས། ནང་སྲིད་དྲུང་འཕར་འཆི་མེད་ལགས། ལྷོ་སྤྱི་ཀརྨ་སེང་གེ་ལགས། ས་གནས་འགོ་འཛིན་བསོད་ནམས་བསྟན་འཛིན་ལགས་ཀྱི་དབུས་ལས་བྱེད་རྣམ་པ། ས་གནས་འཐུས་ཚོགས་ཀྱི་ཚོགས་མི་རྣམ་པ། གྲྭ་ཚང་ཁག་གི་ཕྱག་མཛོད་དང་སྤྱི་མི་རྒྱ་དཔོན་སེར་སྐྱ་མི་མང་བཅས་སྟོང་ཚོ་མང་པོ་འདུ་འཛོམས་ཐོག་འཕགས་བོད་གཉིས་ཀྱི་རྒྱལ་གླུ་ཕུལ་ཟིན་མཚམས་རང་ལུས་མེར་སྲེག་གི་རྒྱལ་གཅེས་པ་དེ་དག་ལ་གདུང་སེམས་མཉམ་སྐྱེ་མཚོན་སླད་མྱ་ངན་གུས་འདུད་སྐར་མ་གཅིག་གནང་རྗེས་སྨོན་ལམ་གསུང་འདོན་གནང་། དེ་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན།
དེ་རིང་འདི་ག་མོན་གྷོ་གཙོས་པའི་འཛམ་གླིང་ལུང་པ་མང་པོའི་ནང་བོད་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་། ཁོར་ཡུག བདེན་པ་ལ་རྒྱབ་སྐྱོར་བྱེད་མཁན་སྤྱི་ཡོངས་མི་མང་འདུ་འཛོམས་ཀྱིས་གདུང་སེམས་མཉམ་སྐྱེའི་ལས་འགུལ་སྤེལ་གྱི་ཡོད།
དེ་བཞིན་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་མི་མང་གང་མང་འདུ་འཛོམས་ཀྱི་བོད་ནང་གི་ཛ་དྲག་གནས་སྟངས་དང་རྒྱ་ནག་མཁྲེགས་འཛིན་སྲིད་བྱུས་ཀྱི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་ལ་བརྙས་བཅོས་གཏོང་བ་དང་བོད་ཀྱི་དོན་གྱི་བདག་པོ་གཞིས་ལུས་མི་མང་ཚོ་དཀའ་སྡུག་མྱོང་བཞིན་པར་སོང། ཕྱིར་ཡོད་པའི་བོད་མིར་དམིགས་བསལ་འགན་ཆེན་པོ་ཡོད། དེ་རིང་འཛམ་གླིང་ས་ཕྱོགས་གང་སར་གནས་ཡོད་པའི་བོད་མི་ཚོས་ལས་འགུལ་རྒྱ་མི་ཆུང་བ་སྤེལ་གྱི་ཡོད། དེར་བརྟེན་རྒྱལ་སྤྱིའི་སྟེང་བོད་མི་རྣམས་ཀྱི་བོད་ནང་ལ་རང་ལུས་མེར་སྲེག་བསྟུད་མར་འབྱུང་བཞིན་པར་སོང་། ཁོང་རྣམ་པའི་དཀའ་སྡུག་དང་མངོན་འདོད་གང་ཡིན་པ་དེར་རྒྱབ་སྐྱོར་དང་མངོན་འདོད་དེ་མ་བསྒྲུབ་བར་དུ་ང་ཚོས་དམིགས་བསལ་འགན་བཞེས་པའི་ཐོག་ནས་ལས་འགུལ་སྤེལ་ཏེ་འདིར་འཛོམས་པ་དང་རྒྱལ་སྤྱིའི་སྤྱི་ཡོངས་ལ་བོད་དང་བོད་མིའི་གྲོགས་པོ་འདུ་འཛོམས་དེས་རྒྱ་ནག་གཞུང་ལ་བརྡ་ལན་ཞིག་སྤྲོད་ཀྱི་ཡོད། རྒྱ་གཞུང་གིས་བོད་ནང་བོད་མིར་བརྙས་བཅོས་བཏང་བ་ཡིན་ན་ཕྱིའི་འཛམ་གླིང་གི་མཁྱེན་གྱི་མེད་པ་དང་རྒྱབ་སྐྱོར་བྱེད་མཁན་ཡང་མ་རག་པའི་རེ་བ་བྱེད་ཀྱི་ཡོད།
འོན་ཀྱང་བོད་མིར་བདེན་པ་ཡོད་པ་དང་འཐབ་རྩོད་གཙོ་བོ་བོད་ནང་ཡོད་པའི་བོད་མིས་གནང་གི་ཡོད་པ་དེར་ཕྱིར་ཡོད་པའི་བོད་མི་དང་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱི་མ་བརྗེད་པའི་ཐོག་ནས་ཁོང་རྣམ་པའི་མངོན་འདོད་བསྒྲུབ་རྒྱུར་འབད་བརྩོན་བྱེད་ཀྱི་ཡིན་པའི་རྣམ་པ་ཤུགས་ཆེར་ཐོན་ཡོད་ཞུ་རྒྱུ་ཡིན། ཞེས་སོགས་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་རྣམས་ཀྱི་དེ་རིང་ཉིན་བརྒྱ་དུས་གཅིག་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་མིར་རྒྱབ་སྐྱོར་དགོས་པའི་ལས་འགུལ་སྤེལ་བཞིན་ཡོད།
དེ་བཞིན་བོད་ཀྱི་གནས་སྟངས་ཛ་དྲག་ཐོག་བོད་མིས་རང་ལུས་མེར་སྲེག་རྒྱུན་མར་འབྱུང་བའི་འཕེལ་རིམ་དང་ཁོང་རྣམ་པས་བོད་ལ་རང་དབང་དགོས་པ་དང་། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་མངོན་འདོད་དེའི་ཆེད་རང་གི་རྩ་ཆེ་བའི་ཚེ་སྲོག་དེ་བློས་བཏང་གི་ང་ཚོ་འཛམ་གླིང་འདི་ནས་འགྲོ་གི་ཡིན་ཡང་། བོད་མིའི་མངོན་འདོད་དེའི་ཆེད་འབད་བརྩོན་གནང་རོགས་ཙམ་མ་ཟད། རང་དབང་ལུང་པར་ཡོད་པའི་བོད་མི་ཚོར་དམིགས་བསལ་འགན་ཡོད་སྐོར་དང་། བོད་མིའི་སྒྲིག་འཛུགས་ནས་དེའི་ཐོག་འདས་པའི་ལོ་གཅིག་ལྷག་ཙམ་ནང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གྲོས་ཚོགས་མི་སྣ་ཁག་དང་མཇལ་འཕྲད། གདུང་སེམས་མཉམ་སྐྱེའི་སྨོན་ལམ་མཆོད་འབུལ་མཚོན་པའི་ལས་དོན་གང་སར་འབད་བརྩོན་ཞུས་ཏེ་གྲུབ་འབྲས་ཀྱང་མི་ཆུང་ཙམ་ཐོབ་པའི་ལས་དོན་ངོ་སྤྲོད།
དེ་བཞིན་བཀའ་སྤྱི་ཐུན་མོང་སོགས་ནས་ལས་འགུལ་རིམ་པ་སྤེལ་རྒྱུའི་འཆར་གཞི་ཡོད་སྐོར་དང་། གཞིས་ཆགས་ཁག་ནས་འགན་འཁུར་ལྡན་པའི་ལས་དོན་གནང་གི་ཡོད་ལ་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཡང་གནང་བ་བཅས་གསུང་རྗེས་མོན་གྷོ་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་གུ་རུ་རྒྱལ་མཚན་ལགས་ཀྱིས་སྐད་འབོད་སྒྲའི་རྗེས་སེར་སྐྱ་མི་མང་ཡོངས་ཀྱི་ལག་ཏུ་མར་མེ་ཐོགས་ཏེ་བྱང་ཆུབ་སེམས་མཆོག་འདོན་བཞིན་གྲོལ་བ་བཅས་སུ།།