༢༠༡༢ ཟླ་ ༡༢ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༦ ཉིན་ལྡི་ལིར་བོད་སྒར་བསམ་ཡས་གླིང་དང་ལ་དྭགས་རྡ་རམ་ས་འགོ་བཙུགས་ནས་མི་ལོ་ ༥༠ འཁོར་བ་དང་ལྷག་པར་བོད་སྒར་བསམ་ཡས་གླིང་གཞིས་སྒར་དེ་བཞིན་རྒྱ་གར་གཞུང་ཕྱོགས་ནས་ཁྲིམས་མཐུན་གཏན་ཆགས་གཞིས་སྒར་དུ་ངོས་འཛིན་གནང་བའི་དགའ་སྟོན་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ལྡི་ལིར་བོད་སྒར་བསམ་ཡས་གླིང་འགོ་བཙུགས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོར་ཆིབས་སྒྱུར་བསྐྱངས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷ་བཅས་གྲངས་མེད་སྔོན་དུ་ཕུལ་བའི་སྒོ་ནས་འདི་གའི་མི་མང་དང་སློབ་ཕྲུག་སོགས་ལ་ངས་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲིའི་ཞུ་རྒྱུ་ཡིན། སྤྱིར་བཏང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར། འདས་པའི་ལོ་གཅིག་ལྷག་ཙམ་རིང་མང་གཙོ་ལམ་ནས་འོས་འདེམས་བྱུང་བའི་བཀའ་ཤག་གིས་ལས་དོན་མཐའ་དག་མཐུད་ཤོར་མ་བཏང་བར། བོད་ཕྱི་ནང་གི་བོད་མིའི་མངོན་འདོད་བསྒྲུབ་རྒྱུར་འབད་བརྩོན་བྱས་དང་བྱེད་མུས་ཡིན། དེ་བཞིན་རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་དོ་སྣང་སྔར་ལྷག་ཤུགས་ཆེ་རུ་འགྲོ་གི་ཡོད། བོད་ནང་ཡོད་པའི་བོད་མི་རྣམས་ལ་རང་མི་རིགས་ཀྱི་ལ་རྒྱ་ཞེན་ཁོག་ཤུགས་ཆེན་པོ་ཡོད།
བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་སྤྱི་ཡོངས་ནས་འགན་ཁུར་བའི་ཐོག་ནས་རྡོག་རྩ་ཆིག་སྒྲིལ་ཡོང་གི་ཡོད་པ་དེ་ནི་ཧ་ཅང་གཟི་བརྗིད་ཆེན་པོ་རེད། དེང་སྐབས་བོད་ནང་གི་གནས་སྟངས་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད། ད་བར་བོད་མི་གྲངས་ ༩༥ ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པའི་ཁྲོད་ནས་ ༨༠ འདས་གྲོངས་སུ་གྱུར་བ་རེད། འདི་ལོ་གཅིག་པུར་བོད་མི་གྲངས་ ༨༢ ནས་བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་བཏང་ཡོད། བོད་ནང་གི་བོད་མི་ཚོའི་མངོན་འདོད་ནི་བོད་ལ་རང་དབང་དགོས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུས་དགོས་པ་དེ་ཡིན། རྒྱ་ནག་གཞུང་གི་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་ལ་བརྟེན་ནས་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་གི་ཡོད་པ་ཧ་ཅང་གསལ་པོ་ཆགས་ཡོད། བཀའ་ཤག་གི་ངོས་ནས་ཚབས་ཆེ་བའི་ལས་འགུལ་དེ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་རིམ་ཞུས་བྱས་ཡོད།
འོན་ཀྱང་བོད་མི་ཚོས་རང་མི་རིགས་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་ཕྱིན་ན། གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་བྱ་རྒྱུ་དེ་ནི་ང་ཚོ་ནང་པ་དང་བོད་པ་ཞིག་ཡིན་པའི་ཆ་ནས་འགན་ཡོད། དེ་བཞིན་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་རྣམས་ལ་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་མི་རྣམས་ད་ལྟ་རང་ཁ་རང་གསོ་བྱེད་ཐུབ་པ་དེ་རྒྱ་གར་གཞུང་གི་མཐུན་འགྱུར་དང་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་རེད། རྒྱ་གར་དགེ་རྒན་གྱི་སློབ་ཁྲིད་ལམ་སྟོན་འོག་འཚར་ལོངས་བྱུང་བའི་བོད་རིགས་རྣམས་ད་ཆ་བོད་དོན་ལས་འགུལ་གྱི་འགོ་ཁྲིད་བྱེད་མཁན་ཆགས་ཡོད། བོད་དོན་ལས་འགུལ་དེ་བཞིན་རྒྱ་གར་གྱི་མཐུན་མིན་མེས་པོ་དམ་པ་གྷན་དྷི་མཆོག་གིས་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་ཡོད་པར་བརྟེན། བོད་མིའི་རྒྱལ་ཁ་དེ་བཞིན་རྒྱ་གར་གྱི་རྒྱལ་ཁ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས། །