༢༠༡༢ ཟླ་ ༡༢ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༨ ནས་ ༣༠ བར་ཉིན་གྲངས་གསུམ་རིང་རྒྱ་ནག་གི་གནད་དོན་ཐོག་རྒྱ་རིགས་དང་ཕྱི་རྒྱལ་བའི་མཁས་དབང་དང་རྩོམ་པ་པོ་ཁག་གཅིག་གིས་བཞུགས་སྒར་དུ་ཆེད་ཕེབས་གནང་སྟེ་བོད་མིའི་སྒྲིག་འཛུགས་ལྷན་ཁང་སོ་སོ་ནས་སྲི་ཞུ་བ་དྲུང་གཞོན་དང་དྲུང་ལས་རྣམས་ལ་རྒྱ་ནག་གི་འགོ་ཁྲིད་འཕོ་འགྱུར་དང་དེས་རྒྱལ་ནང་དང་བོད། དེ་བཞིན་རྒྱལ་ཁབ་གཞན་གྱི་ནང་ཤུགས་རྐྱེན་ཇི་འདྲ་ཐེབས་རྒྱུ་ཡིན། ཞེས་པའི་བརྗོད་གཞིའི་ཐོག་ཉིན་གསུམ་གྱི་བགྲོ་གླེང་ལྷན་ཚོགས་སྐབས་གསུང་བཤད་གནང་རྒྱུ་ཡིན།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་ནག་རིག་པའི་མཁས་དབང་རྣམས་ལ་འཚམས་འདྲི་ཞུས་པའི་ནང་འཁོད་དོན། ངས་རྒྱ་རིགས་མཁས་དབང་རྣམས་བཞུགས་སྒར་དུ་ཕེབས་པར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང་། ཉིན་གསུམ་གྱི་བགྲོ་གླེང་ལྷན་ཚོགས་སྐབས་སྲི་ཞུའི་ལས་བྱེད་ན་གཞོན་ཚོར་རྒྱ་ནག་གི་འགོ་ཁྲིད་འཕོ་འགྱུར་དང་འབྲེལ་བའི་གནད་དོན་ཐོག་བློ་སྐྱེད་དང་མཐོང་རྒྱ་ཐོས་རྒྱ་གསར་པ་རག་རྒྱུར་ཡིད་ཆེས་ཡོད། ཅེས་འཁོད་ཡོད།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་ཉིན་གསུམ་གྱི་བགྲོ་གླེང་ལྷན་ཚོགས་སྐབས། འཛམ་གླིང་ས་ཕྱོགས་འདྲ་མིན་ནས་རྒྱ་རིགས་མཁས་དབང་རྡ་སར་ཕེབས་རྒྱུ་ཡིན་འདུག དེའི་ཁོངས་ནས་ཐེ་ཝན་ཏམ་ཀང་གཙུག་ལག་སློབ་གྲྭའི་(Tamkang University) རྒྱལ་སྤྱིའི་གནད་དོན་དང་སྲིད་བྱུས་ཐོག་གི་མཁས་དབང་སློབ་དཔོན་ཅོང་པིན་ལིན་ (Prof. Chong-Pin lin) ལགས་དང། ཨ་རིའི་ནུབ་ཨི་ལི་ནོ་ཡི་སིའི་གཙུག་ལག་སློབ་གྲྭའི་སྤྱི་ཚོགས་དང་མི་རིགས་རིག་པའི་སློབ་དཔོན་སྐུ་ཞབས་གོར་ཊོན་ཇི་ཅང་ (Dr. Gordon G. Chang) ལགས།
དེ་བཞིན་རྒྱ་རིགས་རྩོམ་པ་པོ་ཀྲུའུ་རིས་ (Zhu Rui) ལགས་བཅས་ཡིན་པ་མ་ཟད། རྒྱལ་སྤྱིའི་འབྲེལ་ལམ་ཐོག་གི་མཁས་པ་གཙུག་ལག་སློབ་དཔོན་སྐུ་ཞབས་མེ་ཁལ་ཝན་ཝལྜ་པྲཱག་ (Micheal Van Walt Praag) ལགས། ལྡི་ལིའི་གཙུག་ལག་སློབ་གྲྭའི་གཙུག་ལག་སློབ་དཔོན་ལྕམ་སྐུ་མ་དུ་བྷལ་ལ་ (Prof.Madhu Bhalla) ལགས། ཤར་ཨེ་ཤི་ཡའི་གནད་དོན་སྐོར་གྱི་མཁས་པ་སྐུ་ཞབས་ཨ་བྷན་ཏི་བྷ་ཊ་ཅརྱཱ་(Dr. Abanti Bhattacharya) སོགས་མཉམ་ཞུགས་གནང་རྒྱུ་མ་ཟད། བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས། སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་ལགས། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བློ་བཟང་ལགས་བཅས་ཀྱང་མཉམ་ཞུགས་གནང་རྒྱུ་ཡིན་འདུག