༄༅། །ལྷར་བཅས་སྲི་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་མིའི་བླ་ན་མེད་པའི་དབུ་འཁྲིད། སྤྱི་ནོར་ྋགོང་ས་སྐྱབས་མགོན་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ནོ་སྤེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ ༢༣ འཁོར་བ་དང༌། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཐེངས་ ༦༤ པའི་དུས་ཆེན་ཁྱད་པར་ཅན་གྱི་སྐབས་འདིར་བཀའ་ཤག་གིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་དང༌། འཛམ་གླིང་གང་སར་གནས་པའི་བོད་མི་དང༌། བོད་ཀྱི་གྲོགས་པོ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན།
ཕྱི་ལོ་ ༡༩༨༩ ལོར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་སྐབས་ཀྱི་ཆེ་བསྟོད་ཚིག་བརྗོད་ནང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོས་འཚེ་བ་དང་དྲག་པོའི་ཐབས་ལམ་ཡོངས་སུ་སྤངས་ཏེ་བཟོད་བསྲན་དང་ཕན་ཚུན་གུས་བརྩིའི་ལམ་ནས་ཞི་འགྲིག་ཡོང་ཐབས་གནང་བའི་མཛད་རྗེས་ལ་དམིགས་བསལ་གཟེངས་བསྟོད་གནང་ཡོད། འདས་པའི་ལོ་ ༢༣ ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མཚན་མཐོང་གོང་ནས་གོང་དུ་འཕེལ་ཏེ་ད་ཆ་ྋགོང་ས་མཆོག་གི་མཚན་ཡང་བྱམས་བརྩེ་དང་འཚེ་བ་མེད་པའི་མིང་གི་རྣམ་གྲངས་ལྟ་བུར་གྱུར་ཡོད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གང་ཉིད་ལྟ་བུ་བླ་ན་མེད་པའི་བོད་མིའི་དབུ་འཁྲིད་དུ་ཐོབ་པའི་རང་ཅག་བོད་མི་རྣམས་ནི་བསམ་ཡུལ་ལས་འདས་པའི་བསོད་ནམས་ཀྱི་སྐལ་བ་ཅན་ཡིན།
དུས་སྐབས་འདིར་ང་ཚོས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ལ་བསམ་ཞིབ་ཅིག་ངེས་པར་གནང་དགོས། བློ་ཕམ་དང་བཅས་ཞུ་རྒྱུར་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་ ༩༥ ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད། ཕྱི་ལོ་ ༢༠༡༡ ནང་རང་ལུས་མེར་བསྲེགས་གཏོང་མཁན་ ༡༢ དང༌། ཕྱི་ལོ་ ༢༠༡༢ ནང་ད་བར་ ༨༡ བྱུང་འདུག ཟླ་བ་སྔ་མ་གཅིག་པོའི་ནང་ ༢༨ བྱུང་ཡོད། དེ་དག་ནས་འདས་གྲོངས་སོང་བ་བསྡོམས་ ༨༠ ཆགས་ཡོད། ཐོག་མར་དགོན་སྡེ་ཁག་ཅིག་ནས་འགོ་འཛུགས་བྱུང་བའི་ལས་འགུལ་དེའི་ནང་ད་ཆ་རྒྱལ་ས་ལྷ་ས་ཐེ་བའི་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ལ་གནས་པའི་འབྲོག་པ་དང༌། སློབ་ཕྲུག མི་མང་དཀྱུས་མ་བཅས་ནས་མཉམ་ཞུགས་བྱེད་བཞིན་ཡོད།
བོད་ནང་གི་ཡ་ང་བའི་བྱུང་རིམ་འདི་དག་གིས་བོད་མི་རྣམས་བོད་ནང་བདེ་སྐྱིད་ངང་གནས་ཡོད་ཅེས་པའི་རྒྱ་ནག་གཞུང་གི་སྒྲོག་གཏམ་ལྟེ་བ་དེར་རྒོལ་ཟླ་བྱས་ཡོད། འདས་པའི་ལོ་དྲུག་ཅུ་ལྷག་རིང་འགལ་རྐྱེན་སྣ་ཚོགས་ཡོད་བཞིན་དུ་བོད་མི་ཚོས་ཞི་བའི་ཐབས་ལམ་སྣ་ཚོགས་བརྒྱུད་སོ་སོའི་མངོན་འདོད་གསལ་བཏོན་བྱས་ཡོད། དེ་ཡང་ལོ་རབས་དྲུག་ཅུའི་ཟིང་ཆ་ཡོལ་རྗེས་ཕྱི་ལོ་ ༡༩༨༧ ཟླ་ ༩ པ་ནས་ཕྱི་ལོ་ ༡༩༨༩ ཟླ་ ༣ བར་ལྷ་ས་གཙོ་བོར་གྱུར་པའི་ཉེ་འབྲེལ་བོད་རིགས་ས་ཁུལ་ཁག་ཏུ་བོད་མི་ཚོས་ཞི་བའི་གྱེན་ལངས་རིམ་པར་བྱས་ཡོད་པ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཡོངས་གྲགས་ཆགས་ཡོད། དེ་སྐབས་རྒྱ་ནག་གཞུང་གིས་བོད་ནང་དྲག་པོའི་ཁྲིམས་གཞི་བསྡམས་པ་དང༌། ཕྱི་རྒྱལ་གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམས་པ་རྣམས་ཕྱིར་འབུད་བཏང་ཡོད།
ཕྱི་ལོ་ ༢༠༠༦ ལོར་བོད་མི་ཚོས་སེམས་ཅན་གྱི་པགས་པའི་རྒྱན་གོས་རིགས་སྤང་རྒྱུའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་བ་དང༌། མང་ཚོགས་འབོར་ཆེན་འདུ་འཛོམས་ཐོག་སེམས་ཅན་གྱི་པགས་པའི་རྒྱན་གོས་མེར་བསྲེགས་བཏང་བ་འཛམ་གླིང་ཡོངས་ཀྱིས་ཤེས་རྟོགས་བྱུང་ཡོད། བོད་མིའི་གདུང་སེམས་མཉམ་བསྐྱེད་སྟོན་པའི་ལས་འགུལ་དེ་ལའང་རྒྱ་ནག་གཞུང་གིས་དམ་བསྒྲགས་བཀག་སྡོམ་བྱས་ཡོད། ཐ་ན་བོད་མི་ཚོས་ཕྱི་ལོ་ ༢༠༠༧ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་པར་དགའ་སྤྲོའི་རྣམ་འགྱུར་བསྟན་པར་ཡང་ཉེན་རྟོག་མི་སྣས་དམ་བསྒྲགས་བྱས་ཡོད། ཡང་ལོ་དེ་རང་ནང་རུང་རྒྱས་ཨ་གྲགས་ཀྱིས་ཡོངས་གྲགས་ཐོག་ྋགོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་འབོད་ཚིག་བསྒྲགས་པར་ལོ་བརྒྱད་རིང་བཙོན་འཇུག་གི་ཁྲིམས་ཆད་དང༌། གཞན་ཁག་ཅིག་ལའང་བཙོན་འཇུག་གི་ཁྲིམས་ཆད་བཀལ་ཡོད།
ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་གྱི་ཁྱོན་ཡོངས་སུ་སེར་སྐྱ་རྒན་གཞོན་དབྱེ་བ་མེད་པར་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་བྱུས་ལ་ཞི་བའི་གྱེན་ལངས་གཞི་རྒྱ་ཆེ་ཤོས་དེ་བྱུང་ཡོད་པ་དང༌། དེ་སྐབས་བོད་མི་བརྒྱ་ཕྲག་མང་པོ་འཛིན་བཟུང་གིས་མནར་གཅོད་དང་དམར་བསད་བཏང་བ་བཅས་ལ་བརྟེན་ནས་ ༢༠༠༨ ལོའི་པེ་ཅིང་ཨོ་ལམ་པིཀ་རྩེད་འགྲན་ལའང་དེ་དག་གི་གྲིབ་ནག་ཕོག་ཡོད་པ་རེད། ཉེ་བའི་ཆར་བོད་རྒྱ་ཁྱབ་ཏུ་རང་ལུས་མེར་བསྲེགས་གཏོང་མཁན་ཚོར་གདུང་སེམས་མཉམ་བསྐྱེད་སྟོན་པའི་ཞི་རྒོལ་གྱི་ལས་འགུལ་གཞན་ཡང་འབྱུང་བཞིན་ཡོད། རེབ་གོང་དང་ཆབ་ཆ་ཁུལ་དུ་སློབ་ཕྲུག་སྟོང་ཕྲག་མང་པོས་ཁྲོམ་གཞུང་དུ་བོད་ཀྱི་སྐད་ཡིག་བདག་གཅེས་དགོས་པ་དང༌། རང་དབང་དང་འདྲ་མཉམ་དགོས་པའི་མངོན་འདོད་བཏོན་ཡོད། དེ་བཞིན་གཙང་པོ་ཁ་བསྒྱུར་བ་དང༌། གཏེར་ཁ་གང་བྱུང་བསྔོག་འདོན་བྱས་པའི་རྐྱེན་གྱིས་བོད་མི་མང་པོ་གནས་སྤོས་བྱས་སྐབས་ས་གནས་མང་པོའི་ནང་ཉེན་རྟོག་མི་སྣ་དང་བོད་མིའི་དབར་འཁྲུག་འཛིངས་བྱུང་ཡོད། ཁྱད་པར་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་སྟོན་ཆེད་ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་ལྷ་ས་དང༌། བྲག་འགོ འཇོ་མདའ། ཛ་ཆུ་ཁ། ཁྲི་འདུ། གསེར་རྟ། ཟི་ལིང༌། དཀར་མཛེས། སི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུའུ་བཅས་ནང་བོད་རིགས་དགེ་རྒན་དང༌། ལས་བྱེད། རྩོམ་པ་པོ། གྲྭ་བཙུན། ཚོང་པ་བཅས་མཉམ་འཛོམས་བྱས་པའི་ཉིན་གསུམ་གྱི་ཟས་བཅད་ངོ་རྒོལ་ཞིག་འགོ་འཛུགས་བྱས་འདུག དེ་མཚུངས་རེས་གཟའ་ལྷག་པའི་ཉིན་བོད་མི་སྟོང་ཕྲག་མང་པོ་མཉམ་འཛོམས་ཀྱིས་སོ་སོའི་སྐད་ཡིག་དང༌། རིག་གཞུང༌། ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་ལྷག་དཀར་གྱི་ལས་འགུལ་ནུས་ཤུགས་ལྡན་པ་སྤེལ་ཡོད།
རང་ལུས་མེར་བསྲེགས་མུ་མཐུད་འབྱུང་བཞིན་ཡོད་པ་ནི་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་བཙན་བཟུང་དང་བོད་མིར་དྲག་གནོན་བྱས་པ་ལ་ཞི་བའི་རྒོལ་ཟླ་བྱས་པ་ཞིག་རེད། ཁྱད་པར་གནས་ཚུལ་དེ་དག་གིས་བོད་མི་རྣམས་ཀྱི་འུ་ཐུག་དང་ཞེ་འཁོན་གྱི་སྒོ་མཚམས་གསར་པ་ཞིག་ཏུ་སླེབས་པ་དང༌། ཟིང་ཆ་དང་དྲག་གནོན། སྔར་ལས་ཆེ་བའི་ཟིང་ཆ་བཅས་ཀྱི་འཁོར་ལོའི་ནང་ཚུད་དེ་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བ་མཚོན་གྱི་ཡོད། རང་ལུས་མེར་བསྲེགས་བྱུང་དགོས་པའི་རྒྱུ་མཚན་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་བྱུས་དང༌། ཆབ་སྲིད་དམ་བསྒྲགས། ཆོས་དད་རང་དབང་བརྡལ་བཤིག སྤྱི་ཚོགས་དང་དཔལ་འབྱོར་དབྱེ་འབྱེད། རིག་གཞུང་དང་ཁོར་ཡུག་རྩ་གཏོར་བཅས་ལ་བརྟེན་ནས་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད།
བོད་མིའི་སྒྲིག་འཛུགས་ཀྱིས་ཚབས་ཆེ་བའི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་ལན་མང་ཞུས་ཡོད་ཀྱང་མུ་མཐུད་འབྱུང་བཞིན་པ་རེད། རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་ཡོངས་གྲགས་ཀྱི་མངོན་འདོད་ནི་ྋགོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང༌། བོད་མིར་རང་དབང་དགོས་པ་གཉིས་ཡིན། འདི་གཉིས་ཁོང་ཚོའི་སྙིང་དུ་བརྣག་པའི་འདོད་དོན་ཡིན་སྟབས། ཁོང་ཚོའི་མངོན་འདོད་འགྲུབ་ཐབས་བྱ་རྒྱུ་དེ་ང་ཚོ་རང་དབང་ལུང་པར་གནས་པ་ཚོའི་ལས་འགན་ཡིན། དེར་བརྟེན་ཁོ་ཚོའི་འབོད་སྒྲ་འཛམ་གླིང་ཡོངས་ལ་ཁྱབ་ཐུབ་པ་བྱེད་རྒྱུ་ང་ཚོའི་རྩ་ཆེའི་ལས་འགན་ཞིག་ལ་ངོས་འཛིན་ཞུ་གི་ཡོད།
འོན་ཀྱང་རྒྱ་ནག་དམར་ཤོག་ཚོགས་པས་དངོས་ཡོད་གནས་ཚུལ་ལས་ཡོངས་སུ་ལྡོག་སྟེ། རང་ལུས་མེར་བསྲེགས་བྱུང་བའི་ཁག་དཀྲི་བཙན་བྱོལ་བོད་མིའི་དབུ་འཁྲིད་ལ་འགེལ་བཞིན་ཡོད། བོད་མིའི་སྒྲིག་འཛུགས་དང་ྋགོང་ས་མཆོག་ལ་དེ་འདྲའི་ཁག་དཀྲི་བྱེད་པ་ནི། རྒྱ་ནག་གཞུང་གིས་ལོ་ལྔ་བཅུ་ལྷག་རིང་བོད་བཙན་བཟུང་བྱས་ཀྱང་བོད་མིའི་བློ་སེམས་འགུག་ཐུབ་མེད་པར་དངོས་སུ་ངོས་ལེན་བྱས་པ་ཞིག་དང༌། པེ་ཅིང་ནས་ཁྲིམས་མཐུན་སྲིད་བྱུས་ལག་བསྟར་བྱེད་རྒྱུའི་ཚབ་ཏུ་ཁག་དཀྲིའི་གཡོ་ཐབས་ལ་མུ་མཐུད་རྒྱབ་རྟེན་བཅོལ་བ་བསྟན་གྱི་ཡོད།
ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༠ ཉིན་ཕྲན་གྱི་ཡོངས་ཁྱབ་གཏམ་བཤད་ནང་ཕྱི་ལོ་ ༢༠༡༢ དེ་བོད་ཀྱི་ཞུ་གཏུགས་ཀྱི་ལོར་སྲུང་བརྩི་ཞུ་རྒྱུའི་འབོད་སྐུལ་ཞུས་ཡོད་པ་ལྟར། ཚང་མས་ཐུགས་ཁུར་མཉམ་བསྐྱེད་གནང་བའི་འབྲས་བུར་ད་བར་རྒྱལ་ཁབ་མང་པོས་གལ་གནད་ཆེ་བའི་གཞུང་འབྲེལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་ཡོད། དེ་བཞིན་ཡུ་རོབ་དང༌། ཕ་རན་སི། ཨི་ཊ་ལི། ཨ་རི་བཅས་ཀྱི་གྲོས་ཚོགས་ནང་དངོས་སུ་གྲོས་ཆོད་བཞག་ཐུབ་པ་བྱུང་བ་དང༌། ཡང་ཨོ་སི་ཀྲོ་ལི་ཡ་དང༌། སྦ་ར་ཛིལ། ཁེ་ཎ་ཌ། ཡུ་རོབ་སྤྱི་མཐུན། ཕ་རན་སི། ཇར་མ་ནི། ཨི་ཊ་ལི། རྒྱ་གར། ཉི་ཧོང༌། ལྷོ་ཨ་ཕ་རི་ཀ་སོགས་ཀྱི་གྲོས་ཚོགས་འཐུས་མི་མང་པོས་རྒྱབ་སྐྱོར་གྱི་གཏམ་བཤད་སྤེལ་ཡོད།
བོད་མིའི་སྒྲིག་འཛུགས་ནས་བོད་ཀྱི་ཛ་དྲག་གནས་སྟངས་ཐོག་ཐུགས་སྣང་དང་ཐུགས་ཁུར་གནང་མཁན་མཉམ་འབྲེལ་རྒྱལ་ཚོགས་དང༌། སྲིད་གཞུང་ཁག་དང་གྲོས་ཚོགས་ཁག་བཅས་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ལྕམ་ན་ཝི་པི་ལེ་མཆོག་གིས་རྒྱ་ནག་གི་འགོ་འཁྲིད་ཚོར་བོད་མིའི་དཀའ་ངལ་སེལ་ཐབས་བྱེད་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད། དེ་ཡང་ཕྱི་ཟླ་ ༡༡ ཚེས་ ༢ ཉིན་ཁོང་གིས་ བྱབྱའགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་དང་དྲག་གནོན་ལ་བརྟེན་ནས་སྤྱི་ཚོགས་བརྟན་ལྷིང་ནམ་ཡང་ཡོང་ཐབས་མེད་བྱབྱཅེས་དང༌། རྒྱ་ནག་གཞུང་གིས་བྱབྱརྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་གིས་རྒྱབ་གཉེར་ཞུས་པའི་ལམ་སྟོན་རྣམས་ལག་བསྟར་དགོས་པ་དང༌། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་རྟོག་ཞིབ་བྱེད་ཆེད་རང་དབང་ཅན་གྱི་ཁྱད་མཁས་མི་སྣ་གཏོང་རྒྱུའི་གྲོས་འཆར་ངོས་ལེན་བྱེད་དགོས་བྱབྱཞེས་པའི་རེ་འདུན་བཏོན་ཡོད་པ་རེད།
དེ་བཞིན་པེ་ཅིང་དུ་བཅའ་བཞུགས་ཨ་རིའི་གཞུང་ཚབ་སྐུ་ཞབས་གྷེ་རི་ལོཀ་མཆོག་ཕྱི་ཟླ་ ༩ པའི་ནང་བོད་ཀྱི་ས་ཁུལ་ཁག་ཏུ་ཕེབས་པ་དང༌། ”རྒྱ་ནག་གཞུང་གིས་བོད་མིའི་སྐུ་ཚབ་དང་མཉམ་གྲོས་བསྡུར་གྱིས་དམ་བསྒྲགས་དང༌། གནོད་འཚེ། རང་ལུས་མེར་བསྲེགས་བཅས་བྱུང་དགོས་པའི་སྲིད་བྱུས་ཁག་ལ་བསྐྱར་ཞིབ་ཀྱིས་དཀའ་རྙོག་སེལ་ཐབས་བྱེད་དགོས།”ཞེས་གསུངས་ཡོད་པ་ལའང་དགའ་བསུ་ཞུ་རྒྱུ་ཡིན།
ཕྱི་ཟླ་ ༡༡ ཚེས་ ༢༡ ཉིན་ཇར་མི་ནིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་གྱིས་རྒྱ་ནག་གཞུང་ལ་བོད་ནང་སྲིད་བྱུས་གུ་བཤངས་དང༌། རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ཇེ་མང་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་ཞིབ་འཇུག་ཆེད་རྒྱལ་སྤྱིའི་མི་སྣ་ཕེབས་འཇུག་དགོས་སྐོར་གསུངས་འདུག ཕ་རན་སི་གྲོས་ཚོགས་གོང་མས་ཕྱི་ཟླ་ ༡༡ ཚེས་ ༢༧ ཉིན་གྲོས་ཆོད་བཞག་པའི་ནང་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཉེ་སྔོན་བསྐོ་འཛུགས་གནང་བའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་དམིགས་བསལ་སྐུ་ཚབ་ནས་བོད་སྐོར་དམིགས་བསལ་ཕྱག་ལས་གནང་རྒྱུའི་ལས་འགན་བསྐུར་དགོས་པ་འཁོད་འདུག
གོང་གསལ་སྲིད་གཞུང་དང་སྒྲིག་འཛུགས་ཁག་གི་ལས་དོན་རྣམས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་ནའང༌། རྒྱ་ནག་ལྷན་དུ་འགྲོ་བ་མྀའི་ཐོབ་ཐང་སྐོར་གྲོས་བསྡུར་གནང་མཁན་ཕྱི་རྒྱལ་སྲིད་གཞུང་དེ་དག་གིས་བོད་ནང་གི་དངོས་ཡོད་གནས་སྟངས་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དེ་ངོས་འཛིན་གནང་དགོས། དེ་བཞིན་དེ་དག་མཚམས་འཇོག་ཡོང་ཐབས་སུ་ཡོངས་གྲགས་ཐོག་ནས་བར་འདུམ་གནང་དགོས། ད་ལྟའི་དཀའ་ངལ་འདིའི་འབྱུང་རྐྱེན་དང་འགན་ཁུར་གཉིས་ཀ་རྒྱ་ནག་གཞུང་ལ་ཡོད། གལ་སྲིད་རྒྱ་ནག་གཞུང་གིས་དྲག་གནོན་མཚམས་འཇོག་བྱས་ན་རང་ལུས་མེར་བསྲེགས་ཉུང་དུ་འགྲོ་རྒྱུ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་བོད་དོན་དཀའ་རྙོག་སེལ་ཐབས་སུ་པེ་ཅིང་དང་དྷ་རམ་ས་ལའི་དབར་གྲོས་མོལ་བསྐྱར་གསོ་བྱ་རྒྱུའི་ཆོད་སེམས་ལ་འགྱུར་བ་མེད། དེར་བརྟེན་དྲག་གནོན་མཚམས་འཇོག་ཡོང་ཐབས་དང༌། ཞི་བའི་སྒོ་ནས་དཀའ་རྙོག་སེལ་ཐབས་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ནས་ངེས་པར་དུ་མཉམ་ཞུགས་དང་ཐེ་རྟོག་གནང་དགོས།
རྒྱ་རིགས་གྲོགས་པོ་དང༌། ཕྱི་སྡོད་རྒྱ་རིགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གིས་ང་ཚོར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་ད་དུང་རྒྱ་རིགས་མང་ཚོགས་མང་ཆེ་བ་དང༌། ཁྱད་པར་མཁས་པ་དང་རྟོག་དཔྱོད་མཁན་རྣམས་ནས་བོད་མིའི་དཀའ་སྡུག་ལ་སེམས་ཚོར་མེད་པ་ལྟ་བུས་འཇམ་ལྷིང་ངང་གནས་ཡོད་པར་བློ་ཕམ་ཡོད། བོད་མིའི་འཐབ་རྩོད་ནི་རྒྱ་ནག་རྒྱལ་ཁབ་དང་མི་མང་ལ་ཁ་གཏད་འགལ་ཟླར་ལངས་པ་ཞིག་མིན། ང་ཚོའི་དགོས་འདུན་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་མིང་དོན་མཚུངས་པའི་རང་སྐྱོང་དང་རང་དབང་གི་གནད་དོན་དེ་ཡིན། དེར་བརྟེན་རྒྱ་རིགས་སྤུན་ཟླ་རྣམས་ཀྱིས་ཀྱང་བོད་མིའི་མངོན་འདོད་འགྲུབ་ཐབས་སུ་མཉམ་རུབ་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
འདི་ལོ་ང་ཚོས་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བ་རྣམས་གཞི་རྟེན་དུ་བཟུང་ནས་ཕྱི་ལོ་ ༢༠༡༣ དེ་བོད་ལ་གདུང་སེམས་མཉམ་བསྐྱེད་ཅེས་པའི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ་ཁག ཆོས་ལུགས་མི་སྣ། དེ་བཞིན་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་བཅས་ཚང་མས་མཉམ་རུབ་ཐོག་ནས་སྲིད་གཞུང་དང་གྲོས་ཚོགས་ཁག་ལ་བོད་དང་བོད་དོན་སྐོར་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་རོགས་ཞུ་རྒྱུ་ཡིན། ཁྱད་པར་འཛམ་གླིང་གི་རྒྱལ་ས་ཆེ་གྲས་ཁག་ཏུ་མང་ཚོགས་འདུ་འཛོམས་གྱི་ལས་འགུལ་གོ་སྒྲིག་ཞུ་དགོས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་བོད་ནང་འགྲོ་བཅུག་རྒྱུའི་རེ་འདུན་བཏོན་དགོས། སྙན་གྲགས་ཆེ་བའི་ཊཡེམ་དུས་དེབ་ནང་བོད་མིའི་རང་ལུས་མེར་བསྲེགས་ཀྱི་གནད་དོན་དེ་ཕྱི་ལོ་ ༢༠༡༡ ནང་ཁྱབ་བསྒྲགས་ཆུང་ཤོས་ཀྱི་གནས་ཚུལ་གྲས་ཡིན་སྐོར་འཁོད་འདུག དེར་འགྱུར་བ་གཏོང་ཆེད་ང་ཚོས་གསར་འགོད་མི་སྣར་འབྲེལ་བ་བྱས་ཏེ་བོད་ནང་གི་གནས་སྟངས་སྐོར་རྩོམ་བྲིས་སྤེལ་རྒྱུའི་སྐུལ་འདེབས་གནང་དགོས།
ང་ཚོས་ཕྱི་ཟླ་ ༥ ཚེས་ ༡༧ གྱི་ཉིན་དེ་བཞིན་བོད་ལ་གདུང་སེམས་མཉམ་བསྐྱེད་ཅེས་པའི་ཉིན་མོར་ལོ་ལྟར་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་ཞུ་རྒྱུ་ཡིན། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་བའི་དགུང་ལོ་ ༦ ལས་མ་སོན་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་རྒྱ་ནག་གཞུང་གིས་བཙན་འཁྲིད་བྱས་པ་ནས་བཟུང་ད་བར་གར་ཡོད་ཤེས་རྟོགས་བྱུང་མེད།
དེ་མཚུངས་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣༠ ནས་ཟླ་ ༢ ཚེས་ ༢ བར་ཉིན་བཞིའི་རིང་ལྡི་ལིར་བཀའ་སྤྱི་ཐུན་མོང་གི་གོ་སྒྲིག་འོག་མང་ཚོགས་འདུ་འཛོམས་དང་གཏམ་བཤད་སོགས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན། དེ་སྐབས་བཀའ་བློན་རྣམ་པ་དང༌། གྲོས་ཚོགས་ཀྱི་འཐུས་མི་རྣམ་པ། དེ་བཞིན་བོད་མིའི་གཞིས་སྒར་ཁག་གི་སྐུ་ཚབ་བཅས་མཉམ་ཞུགས་གནང་རྒྱུ་ཡིན།
རྒྱ་གར་གཞུང་མང་གཉིས་ཀྱིས་བཙན་བྱོལ་བོད་མི་རྣམས་ལ་གཏོང་ཕོད་ཆེན་པོའི་སྒོ་ནས་འདས་པའི་ལོ་མང་རིང་མཐུན་འགྱུར་རོགས་རམ་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང༌། འཛམ་གླིང་གང་སར་གནས་པའི་བོད་ཀྱི་གྲོགས་པོ་གསར་རྙིང་ཡོངས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལྟའི་དུས་སྐབས་འདིར་ཁྱེད་རྣམ་པའི་རྒྱབ་སྐྱོར་གྱི་དགོས་མཁོ་སྔར་བས་ཆེ་བ་ཆགས་ཡོད། གཞིས་བཞུགས་བོད་རིགས་སྤུན་ཟླ་ཡོངས་ལ་ཞུ་རྒྱུར། ང་ཚོ་དུས་རྟག་ཏུ་ཁྱེད་ཚོའི་རྒྱབ་ཏུ་ཡོད་མུས་ཡིན། ང་ཚོས་ཆིག་བསྒྲིལ་དང༌། གསར་གཏོད། རང་ཁ་རང་གསོ་བཅས་ཀྱི་ལྟ་གྲུབ་ཀྱི་ལམ་སྟོན་ལ་བརྟེན་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་ཐུབ་པ་བྱ་རྒྱུ་དང༌། བོད་མིའི་རང་དབང་བསྐྱར་གསོ་བྱ་རྒྱུའི་དམིགས་ཡུལ་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན།
མཐའ་དོན། གཞིས་བྱེས་བོད་མི་ཡོངས་དང༌། བཀའ་ཤག ཕྲན་སྲིད་སྐྱོང་བཅས་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་བཟང་ཞིང༌། སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་གསོལ་འདེབས་དང་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། སྲིད་སྐྱོང་གིས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ ལ།། །།
སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ ༢༣ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་སྤེལ་བའི་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེའི་གཏམ་བཤད།
གསར་གནས།
འབྲེལ་གནས།