༢༠༡༢ ཟླ་ ༡༢ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་འབྲས་སྤུངས་བློ་གསལ་གླིང་གཙུག་ལག་ཁང་གི་མདུན་ཐང་དུ་འགྲོ་བ་མིའི་ཐོབ་ཐང་དང་མགོན་པོ་གང་ཉིད་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ཧྲིལ་པོ་ ༢༣ འཁོར་བའི་ཉིན་མོ་སྲུང་བརྩིའི་མཛད་སྒོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདི་གར་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་མཚུངས་མེད་ཆོས་ཀྱི་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་པ་གཉིས་ཀྱིས་དབུ་ཁྲིད་པས་འདི་གར་ཕལ་ཆེར་འཁོར་རྣམ་བཞི་བྱས་ནས་ཕལ་ཆེར་རྒྱ་ནག་དང་ཀོ་རི་ཡ་ནས་ཡོང་བའི་དགེ་སློང་མ་དེ་འདྲ་ཕལ་ཆེར་ཡོད་ཀྱི་རེད། དེར་བརྟེན་འཁོར་རྣམ་བཞི་འདུས་ཡོད་པ་ལྟ་བུ་རེད། དེ་ལྟ་བུའི་སྐྱབས་གནས་དགེ་འདུན་རབ་བྱུང་ཕོ་མོ་རྣམ་པ་དང་དེ་ནས་དེ་རིང་འདི་གར་ཆེད་མངགས་དགའ་སྟོན་གྱི་མཛད་སྒོར་ཕེབས་པའི་ཨ་ཤོ་སིང་། ཁོང་རང་ལོ་མང་པོའི་སྔོན་ནས་ངོ་ཤེས་པ་རེད་ལ་བོད་སྤྱི་པའི་དོན་དག་ལ་ཧ་ཅང་ཐུགས་འཁུར་བཞེས་མཁན་ཞིག་རེད། དགུང་ལོ་བགྲེས་པོ་དང་སྐུ་གཟུགས་འཁྱོག་ཙམ་འཁྱོག་ཙམ་བྱེད་ཀྱི་ཡོད།
འོན་ཀྱང་ཁ་སྔོན་ཁོང་རང་ཆེད་མངགས་རྡ་སར་ཕེབས་ཏེ་ཀུམ་མེ་ལ་༼ཧིན་རྡུའི་ཆོས་ལུགས་ཀྱི་དུས་སྟོན༽འཚོགས་སར་ངོས་རང་ཡོང་རོགས་ཞེས་གསུངས་བྱུང། བགྲེས་སྲོང་འདི་འདྲ་ཞིག་གིས་ལོ་མང་རིང་གྲོགས་པོ་དང་མཛའ་བརྩེ་སྙིང་ཉེ་བའི་བསམ་པ་བརྟན་པོར་བཟུང་ནས་ཆེད་མངགས་ཕེབས་པ་ཡིན་སྟབས། སྐབས་དེ་རང་ལ་བཅར་གྱི་ཡིན་ཞེས་ཞུས་པ་ཡིན། ཁོང་གིས་གཙོས་འདི་གའི་ས་གནས་གྲོས་ཚོགས་ཀྱི་འཐུས་མི་དང་དེ་བཞིན་ཁུལ་འདིའི་མངའ་སྡེའི་གཙོ་འཛིན་གྱིས་ཁ་སྔོན་ངོས་ལ་ཁོང་གི་བློན་ཆེན་ཞིག་བརྒྱུད་བརྗོད་དོན། དེ་རིང་འདི་གར་ཁོང་རང་ཧ་ཅང་ཕེབས་འདོད་བྱུང་། འོན་ཀྱང་སྐབས་འདིར་མངའ་སྡེའི་གྲོས་ཚོགས་འཚོགས་རྒྱུ་གལ་ཆེ་བ་ཞིག་དང་དུས་ཚོད་ཁེལ་སྟབས་ཡོང་ཐུབ་མ་སོང་ཞེས་ལན་བསྐུར་གནང་འདུག་ལ་དེ་རིང་ཡང་ལན་དེ་ལྟར་གསུངས་བྱུང་། དེ་ལྟར་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། ངོས་རང་ཆུང་དུས་ནས་ང་ཚོའི་བོད་གཞུང་དགའ་ལྡན་ཕོ་བྲང་གིས་འཛིན་སྐྱོང་གི་དབང་ཆ་བཟུང་སྟངས་དེ་དག་ནི་དེའི་ཚེ་དེའི་དུས་སྤྱི་འདྲ་སྤྱི་མཚུངས་ལྟ་བུ་རེད། འོན་ཀྱང་དེར་སྐྱོན་ཆ་མང་དག་ཅིག་ཡོད་པ་ཞིག་ངོས་རང་ཆུང་དུས་ནས་མཐོང་གི་ཡོད། དེར་བརྟེན་ང་ཚོས་བསྒྱུར་བཅོས་ཤིག་གཏོང་དགོས་ཀྱི་འདུག་བསམ་པའི་བསམ་བློ་དེ་ངོས་རང་ལོ་བཅུ་གསུམ་བཅུ་བཞི་དེ་འདྲ་ནས་འཁོར་གྱི་ཡོད།
དེ་ལྟ་བུའི་ཐོག་ནས་ངོས་རང་ལོ་བཅུ་དྲུག་ལ་སླེབས་སྐབས་ཆབ་སྲིད་ཀྱི་འགན་འཁྱེར་དགོས་རྒྱུ་ཆགས་པ་རེད། དེ་ཡང་དུས་ཚོད་ཛ་དྲག་ཅིག་གི་འོག་ནས་འཁྱེར་དགོས་པ་ཞིག་ཆགས་པ་རེད། ངོས་རང་ལོ་བཅུ་གསུམ་བཅུ་བཞི་སྐབས་ནས་བསྒྱུར་བ་ཞིག་གཏོང་དགོས་ཀྱི་འདུག་བསམ་པའི་བསམ་ཚུལ་ཤུགས་ཆེན་པོ་ཡོད་སྟབས། ཕལ་ཆེར་ཕྱི་ལོ་ ༡༩༥༠ ལོར་ངོས་ཀྱིས་ཆབ་སྲིད་ཀྱི་འགན་འཁྱེར་བ་རེད། དེ་ནས་ཕལ་ཆེར་ཕྱི་ལོ་ ༡༩༥༢ དང་ ༡༩༥༣ ནང་ཡིན་པ་ཡོད། ང་ཚོས་ལེགས་བཅོས་སྤྱི་ཚོགས་ཤིག་བཙུགས་པའི་ཐོག་ནས་བསྒྱུར་བཅོས་གཏོང་རྒྱུའི་འགོ་བཙུགས་པ་རེད། འོན་ཀྱང་སྐབས་དེར་རྒྱ་ནག་གཞུང་གིས་གང་ལྟར་ང་ཚོ་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་སྟེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་ཀྱི་རང་སྐྱོང་ས་ཁུལ་ཞིག་ཆགས་ཡོད་སྟབས། གང་ལྟར་ང་ཚོར་དེའི་ཚེ་དེའི་དུས་ཀྱི་ཐ་སྙད་དེ་བོད་ས་གནས་སྲིད་གཞུང་ཞེས་གྲོས་དོན་འཇོག་མཁན་དེ་ཡང་ས་གནས་སྲིད་གཞུང་དང་རྒྱ་ནག་དབུས་གཞུང་ཆགས་ཡོད། ས་གནས་སྲིད་གཞུང་ཐོག་ལ་གང་ལྟར་རྩ་བའི་ཆ་དབང་རྒྱ་ནག་གཞུང་གུང་ཁྲན་ཏང་གི་ལས་ཁུངས་ཐོག་ནས་དབང་ཆ་གཙོ་བོར་ཟིན་ཡོད། དེར་བརྟེན་གང་ལྟར་ང་ཚོས་བསྒྱུར་བཅོས་གཏོང་རྒྱུའི་ཐབས་ཤེས་འགོ་བཙུགས་པ་དེ་ཕྲན་བུ་ལག་ལེན་བསྟར་ཐུབ་པ་དཔེར་ན། རྟ་ཁལ་འུ་ལག་དང་ཁྲལ་ཆག་བུན་ཆག་དེ་ལྟ་བུ་ང་ཚོས་གང་ཙམ་ཞིག་བཟོས་པ་རེད་མ་གཏོགས་ཞིབ་ཚགས་དང་རྒྱ་ཆེན་པོ་བྱེད་ཐུབ་མེད། གང་ལྟར་རྒྱ་ནག་གཞུང་ངོས་ནས་བོད་ནང་བསྒྱུར་བཅོས་གཏོང་རྒྱུ་དེ་རྒྱ་ནག་ནང་དུ་བསྒྱུར་བཅོས་བཏང་བ་ལྟར་བསྒྱུར་བཅོས་གཏོང་འདོད་ཡོད་པ་རེད།
དེར་བརྟེན་བོད་པ་རང་ཉིད་ཀྱིས་གསར་བརྗེའི་བཅོས་བསྒྱུར་ལྟ་བུ་ཞིག་བཏང་བ་ཡིན་ན། དེ་བོད་པར་རན་པ་ཞིག་ཡོང་གི་རེད། དེར་བརྟེན་བོད་པར་རན་པའི་བཅོས་བསྒྱུར་ཞིག་བོད་པ་རང་ཉིད་ཀྱིས་བཏང་ན། མ་འོངས་པར་རྒྱ་ནག་གཞུང་ཁོ་པ་ཚོས་རྒྱ་ནག་ནང་མང་གཙོའི་བཅོས་བསྒྱུར་གྱི་ལག་ལེན་བསྟར་བ་བཞིན་འགྲོ་རྒྱུར་འགལ་རྐྱེན་ཆགས་རྒྱུ་མཐོང་སྟེ། གང་ལྟར་ང་ཚོས་བཅོས་བསྒྱུར་གཏོང་རྒྱུ་དེར་དངོས་ཤུགས་བརྒྱུད་གསུམ་ནས་བཀག་འགོག་བྱས་པར་བརྟེན་ལག་ལེན་འཁྱོལ་ཐུབ་མེད། དེ་ནས་ཕྱི་ལོ་ ༡༩༥༤ ལོར་ངོས་རང་རྒྱ་ནག་ཏུ་ཕྱིན་ཏེ་མའོ་ཙེ་ཏུང་ཐུག་རྒྱུས་མཚོན་དེ་དུས་རེ་བ་ཆེན་པོ་བྱུང་སྟེ་ཧ་ཅང་ཡག་པོ་བྱུང། ངོས་རང་ངོས་ནས་ཆ་བཞག་ནའང་ཧ་ལམ་དམར་པོའི་མག་ཁེ་སེ་རིང་ལུགས་ཀྱི་དཔལ་འབྱོར་གྱི་གནས་སྟངས་གྲས་དེ་མང་ཚོགས་སྐྱོ་པོ་ངལ་རྩོལ་མི་དམངས་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་རྒྱུ་ལྟ་བུ་མཐོང་སྟེ་ངོས་རང་ཡིད་འཕྲོག་པོ་བྱུང་། མའོ་ཙེ་ཏུང་གིས་མཚོན་དཔོན་རིགས་དེ་དག་གི་དངོས་གནས་མི་དམངས་ཀྱི་ཞབས་འདེགས་སྒྲུབ་མཁན་ངོ་མ་རེད་བསམ་པ་ཞིག་མཐོང་ཐུབ་པ་ཡོད།
དེའི་སྐབས་དེར་བོད་རང་སྐྱོང་ལྗོངས་སྐབས་དེའི་གྲོས་མཐུན་དོན་ཚན་བཅུ་བདུན་ནང་དམག་སྲིད་ཨུ་ཡོན་ལྷན་ཁང་འཛུགས་རྒྱུར་གཏན་འཁེལ་ཡོད་པ་དེ་གྲོས་མཐུན་ནང་བཀོད་ཡོད་པ་དེ་མི་དགོས་པར། དམག་སྲིད་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་ཚབ་ཏུ་རང་སྐྱོང་ལྗོངས་བཙུག་ན་ཡག་པོ་འདུག དེའི་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ཞིག་བཙུག་ན་གང་འདྲ་འདུག་ཅེས་མའོ་ཙེ་ཏུང་གིས་ངོས་ལ་བསམ་འཆར་དྲིས་བྱུང་། ངོས་རང་དང་མཉམ་དུ་ཡོད་པའི་གཞུང་ཞབས་པ་ཚོ་དང་གོ་བསྡུར་བྱས་ཏེ་གང་འདྲ་དགའ་བ་འདུག་ཅེས་བརྗོད་སྐབས། ཚང་མས་དེ་ཧ་ཅང་ཡག་པོ་འདུག་ཅེས་དམག་སྲིད་ཨུ་ཡོན་ལྷན་ཁང་བཙུགས་པ་ལས་སོ་སོ་རང་གིས་རང་སྐྱོང་ལྗོངས་འཛུགས་རྒྱུ་དང་དེའི་སྔོན་འགྲོར་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུག་ན་ཧ་ཅང་ཡག་པོ་འདུག་ཅེས་ཚང་མས་དགའ་སྤྲོ་རྒྱས་པའི་ཐོག་ནས་ང་ཚོས་རང་སྐྱོང་ལྗོངས་འཛུགས་རྒྱུ་དེ་གྲོས་མཐུན་བྱུང་སྟེ། ཕྱི་ལོ་ ༡༩༥༦ ལོར་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་ཡོད་པ་ཁྱེད་རང་ཚོ་ལོ་ན་བགྲེས་པ་ཁ་ཤས་ཤིག་ཡོད་པ་ཚོས་དྲན་གསོས་མདོག་ཁ་པོ་རེད།
གང་ལྟར་ང་ཚོས་བཅོས་བསྒྱུར་ཡག་པོ་ཞིག་གཏོང་ཐུབ་མེད། དེ་ནས་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ལ་སླེབས་པ་རེད། ཕྱི་ལོ་ ༡༩༦༠ ལོར་ང་ཚོས་མང་གཙོའི་བསྒྱུར་བཅོས་གཏོང་རྒྱུའི་ལས་རིམ་འགོ་བཙུགས་པ་རེད། རིམ་བཞིན་བསྒྱུར་བཅོས་ཀྱི་ལག་ལེན་བསྟར་གྱིན་བསྟར་གྱིན་བྱས་ཏེ་ཕྱི་ལོ་ ༢༠༠༡ ལོར་ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་པར་ངོས་ཀྱིས་བསྐོས་མ་དགོས་པར་མི་མང་གིས་འོས་འདེམས་བྱས་ཏེ་བསྐོ་རྒྱུའི་ཐོག་ནས་ཟམ་གདོང་རིན་པོ་ཆེས་བཀའ་བློན་ཁྲི་པ་གནང་བ་རེད། དེ་ནས་ལོ་ལྔ་ཚན་གཉིས་བྱས་ཏེ་ལོ་བཅུའི་རིང་ལ་རིན་པོ་ཆེས་ཐུགས་འཁུར་བསྐྱེད་པ་རེད། ངོས་རང་དེའི་སྐབས་ནས་ཕྱེད་རྒན་ཡོལ་གྱི་གནས་སྟངས་ཐོག་བསྡད་ཡོད། ཕྱི་ལོ་ ༢༠༡༡ ལོ་ནས་ང་ཚོ་བཙན་བྱོལ་མང་ཚོགས་ཀྱི་གནས་སྟངས་མང་གཙོའི་ཐོག་ལ་དོ་སྣང་དང་ཚོར་སྣང་ཡོད་པའི་གནས་ཚུལ་ཞིག་མཐོང་སྐབས། དངོས་གནས་དྲང་གནས་མང་གཙོ་ཆ་ཚང་བ་ཞིག་བྱ་རྒྱུ་དང་ངོས་རང་རྒན་ཡོལ་ཆ་ཚང་བ་ཞིག་བྱ་རྒྱུ་དང་། རྒན་ཡོལ་དེ་ཡང་ངོས་རང་སྒེར་རྒན་ཡོལ་བྱས་པ་ཙམ་དུ་མ་ཟད།
༸གོང་ས་ལྔ༌པ་ཆེན་པོའི་སྐབས་ནས་དབུ་ཚུགས་པའི་བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་ལོ་བཞི་བརྒྱ་མ་ཟིན་ཙམ་ཕྱིན་པ་དེའི་མཇུག་བསྡུས་པ་ཡིན། དེའི་ཚེ་དེའི་དུས་ཚུགས་ཏེ་ཕན་ཐོགས་དང་དགེ་མཚན་བྱུང་ཡོད་པ་རེད། དུས་ཀྱི་འགྱུར་བ་དང་འཛམ་གླིང་འདིའི་ཐོག་གི་རྒྱལ་ཁབ་གང་དུ་བལྟས་ཀྱང་སྔ་མོ་རྒྱལ་པོའི་རྒྱལ་ཁབ་རེད། འོན་ཀྱང་དུས་ཚོད་འགྲོ་སྐབས་གང་ལྟར་མང་ཚོགས་ཀྱི་ཤེས་ཡོན་ཡར་རྒྱས་ཕྱིན་ཏེ་རང་གི་ལུང་པའི་བདག་པོ་དེ་མང་ཚོགས་དེ་དག་ཆགས་ཡོད། ལུང་པ་གང་དུ་ཡིན་རུང་དེའི་བདག་པོ་མང་ཚོགས་རེད་མ་གཏོགས་ལུང་པ་དེའི་ནང་གི་བླ་མ་དང་དཔོན་པོ་ཡིན་བརྗོད་མཁན་གྱི་གྲས་དེ་ཚོར་ལུང་པ་དེ་བདག་གི་མེད། ལུང་པ་དེ་མི་མང་ལ་བདག་པ་ཡིན་སྟབས། མི་མང་གིས་རང་གི་དབང་བསྒྱུར་རྒྱུ་དེ་ལས་དོན་གང་ཞིག་ཡིན་རུང་མི་ཚང་མ་ཚོགས་ནས་བྱེད་ཐུབ་ཐབས་མེད་པར་བརྟེན་འོས་བསྡུ་བྱས་ནས་མང་མོས་སམ་སྤྱི་མོས་ཡོད་པའི་མི་ཞིག་མི་མང་གིས་བསྐོས། མི་མང་གིས་འདེམས་ཐོན་བྱུང་བའི་མི་དེས་འགན་འཁྱེར་སྐབས། གང་ལྟར་མང་གཙོའི་འགྲོ་སྟངས་དེ་ཧ་ཅང་ཡག་པོ་རེད་འདུག
དེར་བརྟེན་ཕྱི་ལོ་ ༢༠༡༡ ནས་ངོས་རང་རྒན་ཡོལ་ཆ་ཚང་བྱས་པ་ཡིན། དེ་རིང་འདི་གར་མི་མང་གིས་འོས་འདེམས་བྱས་ནས་ཐོན་པའི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་དེ་རིང་དགའ་སྟོན་གྱི་མཛད་སྒོར་ཆེད་མངགས་ཕེབས་ཏེ་འགན་ཁུར་ཡོད་པ་དང་གསུང་བཤད་ཞིབ་ཚགས་ཁྱབ་ཆེན་པོ་ཧ་ཅང་ཡག་པོ་གནང་སོང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ཀྱིས་རྟག་ཏུ་ཤོད་ཀྱི་ཡོད། ངོས་རང་རྒན་ཡོལ་ཆ་ཚང་ཕྱིན་པ་དེ་ངོས་རང་སེམས་ཤུགས་ཆག་པ་དང་བོད་ལ་དོན་རེ་བ་མེད་པར་ཐག་གཅོད་པ། ཡང་ན་ཐག་གཅོད་མ་བྱེད་ཀ་མེད་ཐོག་ནས་ཐག་གཅོད་བྱས་པ་དེ་འདྲ་རྩ་བ་ནས་མིན། ཁྱེེད་རང་ཚོ་བཙན་བྱོལ་དུ་ཡོད་མཁན་མང་ཆེ་བ་ངོས་ལ་མོས་པ་ཡོད་པ་ལྟར། བོད་ནང་གི་རྒྱ་ཆེའི་མི་མང་ལ་ཆ་བཞག་ནའང་ཧ་ལམ་བརྒྱ་ཆ་བརྒྱད་ཅུ་དགུ་བཅུས་ངོས་ལ་ཡིད་ཆེས་དང་མོས་པ་ཡོད་པ་རེད། དེ་ལྟ་བུ་ཞིག་ཡོད་མུར་ངོས་ཀྱིས་ཐག་གཅོད་དེ་འདྲ་ཞིག་བྱེད་དགོས་དོན་ནི་ངོས་རང་གིས་དགོས་པ་རྒྱུ་མཚན་ཆེན་པོ་ཞིག་ལ་བལྟས་ཏེ་དང་བས་ཀུན་ནས་བླངས་ཏེ་སྤོབས་པའི་ངང་ནས་དགའ་སྤྲོ་དང་བཅས་ཏེ་ཐག་གཅོད་བྱས་པ་ཞིག་ཡིན་མ་གཏོགས་སེམས་ཤུགས་ཆག་པ་དང་རེ་བ་བརླག་པ་ལྟ་བུ་བྱས་ནས་ངོས་ཀྱིས་ཐག་གཅོད་བྱས་པ་ཞིག་མིན། ཁྱེེད་རང་ཚོ་ཚང་མ་བློ་བདེ་པོ་བྱོས་ནས་བཞུགས་རོགས་ཞེས་བརྗོད་རྒྱུ་ཡིན།
བར་སྐབས་ངོས་རང་གི་ལས་འགན་སྤྱིར་བཏང་ཕྱེད་རྒན་ཡོལ་དུ་ཡོད་སྐབས་ནས་ཆབ་སྲིད་ཀྱི་གནས་ཚུལ་ཞིབ་ཚགས་པ་དེ་དག་བཀའ་བློན་ཁྲི་པས་ནམ་རྒྱུན་ནས་འགན་བཞེས་པ་གཞིར་བཟུང་གཏམ་བཤད་གནང་རྒྱུའི་གྲས་དེ་གཙོ་བོ་དེ་དག་གནང་གི་ཡོད་པ་རེད། ལྷག་པར་ངོས་རང་རྒན་ཡོལ་ཆ་ཚང་ཕྱིན་ཟིན་པའི་རྗེས་ལའང་ཆབ་སྲིད་ཀྱི་གནས་ཚུལ་དེ་དག་སྲིད་སྐྱོང་ཐོག་ནས་འགན་ཁུར་བཞེས་ཏེ་མི་མང་ལ་བཀའ་སློབ་དང་གསལ་བཤད་གནང་རྒྱུ་དེ་དག་གནང་ན་དངོས་གནས་དྲང་གནས་མིང་དོན་མཚུངས་པ་དང་འོས་པ་ཧ་ཅང་ཡག་པོ་འདུག ངོས་ཀྱིས་བར་སྐབས་འདས་པའི་ལོ་བཅུ་ཕྲག་ཁ་ཤས་རིང་ལ་འཛམ་གླིང་གི་གནས་ཚུལ་མཐོང་སྐབས། དངོས་གནས་འཛམ་གླིང་འདིའི་སྟེང་ལ་དངོས་པོ་ཡར་རྒྱས་ཧ་ཅང་ཤུགས་ཆེན་པོ་འགྲོ་གི་ཡོད་པ་རེད། ད་དུང་ཡིན་རུང་དངོས་པོ་ཡར་རྒྱས་འགྲོ་དགོས་རྒྱུ་རེད་ལ་དངོས་པོ་ཡར་རྒྱས་ཀྱི་འདང་གི་མེད། དཔེར་ན། རྒྱ་གར་ལ་ཆ་བཞག་ན་དབུལ་ཕོངས་སྐྱོ་པོ་ཧ་ཅང་མང་པོ་འདུག དེ་མཚུངས་འཛམ་གླིང་ལྷོ་ཤར་ཡུལ་གྲུ་ཡིན་ན་རེད། འཛམ་གླིང་ལྷོ་པ་ཨ་ཕི་རི་ཀ་ནང་ལ་ཡིན་ནའང་རེད།
དེ་བཞིན་དཀྱིལ་ཤར་ཡུལ་གྲུ་ཚོའི་ནང་ལ་ཡིན་ནའང་རེད། ཡང་ན་ལྷོ་ཨ་མི་རི་ཀ་ཡིན་ནའང་རེད། ཧ་ཅང་སྐྱོ་པོ་མང་པོ་འདུག ཨ་རིར་ཆ་བཞག་ན་ལུང་པ་འཛམ་གླིང་འདིའི་ནང་ཕྱུག་ཤོས་རེད། འོན་ཀྱང་སྐྱོ་པོ་མང་པོ་འདུག དེར་བརྟེན་ད་དུང་ཡིན་རུང་དངོས་པོ་ཡར་རྒྱས་འགྲོ་དགོས་པ་རེད་འདུག འོན་ཀྱང་འཛམ་གླིང་ཤར་ནུབ་ལྷོ་བྱང་གང་དུ་བལྟས་ཀྱང་དངོས་པོ་ཡར༌རྒྱས་དང་དངུལ་གྱི་སྐོར་ཁོ་ན་བཤད་པ་མ་གཏོགས་ནང་སེམས་ཀྱི་བདེ་སྐྱིད་སྐོར་ཤོད་མཁན་ཕལ་ཆེར་མི་འདུག དེང་སྐབས་དངོས་ཡོད་གནས་ཚུལ་ལ་ཚན་རིག་པ་དང་ལྷག་དོན་སྨན་བཅོས་ཀྱི་ཚན་རིག་པ་དེ་དག་མང་པོ་ཞིག་དང་དེ་བཞིན་ཀླད་པའི་ཚན་རིག་པ་སྙན་གྲགས་ཡོད་པ་མང་དག་ཅིག་གིས་ལུས་པོ་བདེ་ཐང་ཡོང་རྒྱུར་གལ་ཆེ་ཤོས་ཤིག་སེམས་ལ་ཞི་བདེ་དགོས་ཀྱི་འདུག སེེམས་ལྷོད་པོ་བྱུང་ན་ལུས་ཀྱི་འབྱུང་བསྙོམ་སྟེ་ལུས་ཀྱི་འཕྲོད་བསྟེན་ཡག་ཤོས་དེ་སེམས་ཀྱི་ཞི་བདེ་རེད་འདུག་ཅེས་ཤོད་ཀྱི་འདུག དེ་ནི་ཆོས་ཕྱོགས་ཀྱི་སྐད་ཆ་ཤོད་ཀྱི་མེད་དངོས་ཡོད་གནས་ཚུལ་ལ་ལོ་ནས་ལོ་བསྟུད་དེ་ཞིབ་འཇུག་བྱས་པའི་གྲུབ་དོན་ལྟ་བུ་དེ་ལྟར་ཐག་གཅོད་བྱེད་ཀྱི་འདུག དེ་བཞིན་ཀླད་པའི་ཚན་རིག་པ་མཁས་པ་དེ་དག་གྲས་ཀྱིས་བྱམས་བརྩེ་ཡོད་ན་ཀླད་པའི་ནང་ཁྲག་རྒྱུག་རྒྱུ་དེ་དག་ཀླད་པ་བཟང་ཕྱོགས་སུ་འཁོར་རྒྱུར་ཁྲག་གི་འགྱུར་བ་ཤུགས་ཆེ་ཡོད་པ་ལྟ་བུ་དང་། ཞེ་སྣང་དང་འཇིགས་སྣང་ཡོང་སྐབས། ཀླད་པ་ནམ་རྒྱུན་སེམས་འཁྲུག་སྡོད་རྒྱུ་དང་འཚེ་བ་ཡོང་རྒྱུ་དེ་ཚོའི་ནང་ནས་འགུལ་སྐྱོད་ཤུགས་ཆེ་བ་ཐེབས་རྒྱུའི་མཐོང་ཚུལ་ཞིག་དེང་སྐབས་ཤོད་ཀྱི་འདུག
དེར་བརྟེན་ང་ཚོར་བྱམས་བརྩེ་དགོས་ཀྱི་ཡོད་པ་ཤེས་ཡོན་ཅན་མང་པོ་ཞིག་གིས་མཐོང་ཚུལ་གཅིག་མཚུངས་རེད་འདུག ད་ལྟ་འཛམ་གླིང་འདིའི་སྟེང་དེང་དུས་ཀྱི་ཤེས་ཡོན་ཡོད་པའི་ནང་ལ་སེམས་ཀྱི་ཞི་བདེ་བསྒྲུབ་རྒྱུ་དང་སེམས་ཀྱི་ཐོག་ལ་སློབ་སྦྱོང་བྱ་རྒྱུ་དེ་འདང་གི་མི་འདུག ཅེས་ཤེས་ཡོན་ཅན་མང་པོ་ཞིག་ལ་མཐོང་ཚུལ་གཅིག་མཚུངས་ཡོང་གི་འདུག དེ་བཞིན་འབྱོར་ལྡན་ཚོང་པ་ཚོ་དེ་སྔ་ཕྱི་ལོ་ ༡༩༧༠།༨༠ ནང་དེ་དག་གིས་སེམས་ཀྱི་ཞི་བདེའི་སྐོར་ལ་དོ་སྣང་དེ་ཙམ་མེད་པ་ལྟ་བུ་རེད། ཕྱི་ལོ་ ༡༩༩༠ དང་ ༢༠༠༠ ནང་ལ་ངོས་རང་ས་གནས་ཁག་ཏུ་འགྲོ་སྐབས། འབྱོར་ལྡན་ཚོང་རིགས་ཀྱི་ཚོགས་པ་དེ་འདྲ་དང་ངོས་རང་ཐུག་ནས་སྐད་ཆ་ཤོད་སྐབས་དོ་སྣང་ཤུགས་ཆེ་རུ་འགྲོ་གི་འདུག དེ་དག་འགྲོ་དགོས་པའི་རྒྱུ་མཚན་ནི་ང་ཚོ་ཐུག་སྟེ་ངོས་རང་ལ་དཔལ་འབྱོར་སྐོར་ལ་སློབ་སྟོན་བྱེད་རྒྱུ་དེ་འདྲ་གང་ཡང་མེད། ངོས་ནས་དཔལ་འབྱོར་སྐོར་ལ་ལས་ཀ་བྱས་ན། བདུན་ཕྲག་གཅིག་ནང་བོང་བུ་དོན་གྱི་རེད། ཅེས་ངོས་ཀྱིས་ནམ་རྒྱུན་ནས་ཤོད་བཞིན་ཡོད། དེར་བརྟེན་ང་ཚོ་ཐུག་རྒྱུ་དེ་དཔལ་འབྱོར་དང་དངོས་པོ་ཡར་རྒྱས་སྐོར་ལ་ང་ཚོ་ཐུག་གི་མེད། ཁོང་ཚོར་དཔལ་འབྱོར་འདང་ངེས་ཤིག་ཡོད་ཀྱང་སེམས་ཀྱི་བདེ་སྐྱིད་དེ་དངོས་པོའི་ཐོག་ནས་བསྒྲུབ་ཐུབ་ཀྱི་མེད་པ་ཉམས་མྱོང་ཐོག་ནས་ཡོང་སྐབས། གཞི་ནས་སེམས་ལ་ཞི་བདེ་ཡོང་རྒྱུའི་སྐོར་ལ་དོ་སྣང་གསར་པ་ཞིག་སླེབས་ཀྱི་འདུག དེ་བཞིན་ཁོར་ཡུག་དང་དབུལ་ཕྱུག་དབར་ཧ་ཅང་ཁྱད་པར་ཡོད་པ། དེ་བཞིན་ལྐོག་ཟ་རུལ་སུངས་དང་དྲང་པོ་མེད་པ། མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར། གསར་འགྱུར་རང་དབང་།
དེ་ལྟ་བུའི་ལུང་པའི་ནང་ལ་ཡིན་རུང་ལྐོག་ཟ་རུལ་སུངས་དང་ཁྲིམས་དྲང་པོ་མེད་པ་དེ་འདྲ་ཡོང་གི་འདུག དེ་དག་གི་རྩ་བ་ཐུག་ས་དེ་ལམ་ལུགས་ལ་སྐྱོན་ཡོད་པའི་སྐད་ཆ་མ་རེད། ལམ་ལུགས་དེ་ལག་ལེན་བསྟར་མཁན་གྱི་མིའི་བསམ་བློའི་ནང་ལ་སྤྱི་སེམས་ཀྱི་འགན་འཁུར་བསམ་བློ་མེད་ན་དཀའ་ངལ་དེ་འཕྲད་ཀྱི་ཡོད། གང་ལྟར་འཛམ་གླིང་འདིའི་སྟེང་ཕྱི་དངོས་པོ་ཡར་རྒྱས་ཚང་མས་ངོས་འཛིན་བྱས་ཏེ་དོ་སྣང་བྱེད་ཀྱི་ཡོད་ཀྱང་དེས་འདང་གི་མི་འདུག གང་ལྟར་ནང་སེམས་ཀྱི་ཡ་རབས་དགོས་ཀྱི་ཡོད་པ་དེའི་ཐོག་ནས་ནུས་ཞིག་འདོན་དགོས་ཀྱི་འདུག་བསམས་ཏེ་དོ་སྣང་ཤུགས་ཆེན་པོ་བྱེད་ཀྱི་འདུག དེར་དོ་སྣང་བྱེད་སྐབས་བྱམས་བརྩེ་ཞེས་པ་དེ་ཆོས་ཕྱོགས་ཐོག་ནས་ཆོས་ལུགས་ཚང་མའི་ནང་བྱམས་བརྩེའི་བསླབ་བྱ་ཐོན་ཡོང་གི་ཡོད། འོན་ཀྱང་བྱམས་བརྩེ་སྤེལ་སྐབས་ངེས་པར་དུ་ཆོས་ཕྱོགས་ལ་བརྟེན་ནས་བྱམས་བརྩེ་སྤེལ་དགོས་བྱུང་ན། རྒྱ་ཆུང་ཆུང་ཆགས་ཀྱི་རེད། ཆོས་དད་མེད་མཁན་གྱི་མི་དེ་དག་ལ་བསླབ་བྱ་རྒྱག་ཐུབ་རྒྱུ་མེད་པ་ཆགས་ཀྱི་རེད། དེར་བརྟེན་བྱམས་བརྩེ་སྤེལ་སྟངས་དེ་ཆོས་ཕྱོགས་ལ་མ་བརྟེན་པར་རང་བཞིན་མིའི་ལྷན་སྐྱེས་ཀྱི་གནས་སྟངས་དང་ང་ཚོ་ཐུན་མོང་གི་ཉམས་མྱོང་། དེ་བཞིན་གལ་ཆེ་བ་ཚན་རིག་པས་དངོས་སུ་བརྟག་དཔྱད་བྱས་ནས་སེམས་ཀྱི་ཞི་བདེ་དེ་གལ་ཆེན་པོ་འདུག་ཅེས་འགྲོ་བཞིན་པའི་གཞི་རྩ་དེ་ལྟ་བུའི་ཐོག་ནས་མིར་སློབ་སྦྱོང་སྤྲོད་ཀྱི་ཡིན་ན།
ཆོས་དད་ཡོད་མེད་ཀྱི་དབྱེ་བ་ཡོང་གི་མ་རེད། རྒྱ་གར་ལ་གནའ་རབས་ནས་(Secular)ཆོས་ལུགས་རིས་མེད་ཅེས་པ་ཡོད་པ་རེད། དེ་ཧ་ཅང་ཡག་པོ་འདུག རྒྱ་གར་གྱི་(Secular)ཅེས་པའི་དོན་དག་དེ་ཆོས་ལུགས་ཚང་མར་གུས་ཞབས་དང་བརྩི་བཀུར་ཡོད་པ་རེད། ཆོས་ལ་དགག་པ་རྒྱག་མཁན་ཚོར་ཡང་བརྩི་བཀུར་ཡོད་པའི་གོ་བ་དེ་འདྲ་ཞིག་ལེན་རྒྱུ་འདུག དེར་བརྟེན་རྒྱ་གར་གྱི་ལོ་སྟོང་ཕྲག་རིང་ལ་(Secular)ཅེས་པ་དེ་ཡོད་པ་དེའི་ཐོག་ནས་བྱམས་བརྩེ་སྤེལ་རྒྱུ་འབད་བརྩོན་བྱེད་བཞིན་ཡོད། གཉིས་ནས་ཆོས་ལུགས་མི་འདྲ་བ་ཡོད་པ་དེ་དག་གིས་སྐབས་རེ་ཕྱོགས་གཅིག་ནས་བྱམས་བརྩེ། བཟོད་པ། ཆོག་ཤེས་སོགས་པའི་བསླབ་བྱ་བརྒྱབ་ནས་མི་ས་ཡ་དང་དུང་ཕྱུར་མང་པོ་ཞིག་ལ་ཕན་གྱི་ཡོད་ཀྱང་། སྐབས་རེ་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་འཐེན་འཁྱེར་དང་སྐབས་རེ་འཁྲུག་པ་རྒྱག་རྒྱུ་དེ་འདྲ་ཡོང་གི་འདུག དེ་ལྟ་བུའི་གནས་ཚུལ་མཐོང་སྐབས་ཆོས་ལུགས་མི་འདྲ་བ་ཡོད་པ་དེ་དག་འཁྲུག་པ་རྒྱག་རྒྱུའི་རྒྱུ་རྐྱེན་དུ་མི་འགྲོ་བ་ཞིག་བྱེད་དགོས་པ་དང་བྱེད་ཐུབ་རྒྱུ་ཡོད། གང་ལ་ཞེ་ན། ཡང་ང་ངོས་ཀྱིས་རྒྱ་གར་དཔེར་བཞག་གི་ཡོད། འཕགས་པའི་ཡུལ་གྱི་ལུང་པ་འདིར་ཆ་བཞག་ན་ལོ་སྟོང་ཕྲག་གཉིས་གསུམ་རིང་ལ་རྒྱ་གར་རང་ནས་འཚར་ལོངས་བྱུང་བའི་ཆོས་ལུགས་གྲུབ་མཐའ་མང་དག་ཅིག་ཡོད།
འཛམ་གླིང་ཕྱི་ཕྱོགས་ནས་འཛམ་གླིང་གི་ཆོས་ལུགས་ལྟ་གྲུབ་ཡོད་པ་གཙོ་ཆེ་བ་ཚང་མ་རྒྱ་གར་ནང་རིམ་བཞིན་སླེབས་ཏེ་རྐང་པ་ཚུགས་ནས་གནས་ཡོད། དེར་བརྟེན་རྒྱ་གར་འཕགས་པའི་ཡུལ་འདི་ཧ་ལམ་འཛམ་གླིང་གི་ལྟ་གྲུབ་ཡོད་པའི་ཆོས་ལུགས་གལ་ཆེ་བ་ཡོངས་རྫོགས་ཡོད་པ་ཞིག་རེད་འདུག སྤྱི་ཡོངས་ཐོག་ནས་ཆོས་ལུགས་དེ་དག་གཅིག་གིས་གཅིག་ལ་དད་གུས་དང་གུས་བཀུར་བྱ་རྒྱུ་ཞིག་འདུག དེར་བརྟེན་འཛམ་གླིང་གང་སར་ངོས་ཀྱིས་དེ་ལྟར་ཤོད་ཀྱི་ཡོད། རྒྱ་གར་དཔེར་བརྗོད་དུ་འཇོག་རྒྱུ་ཡོད། ང་ཚོར་དཔེར་བརྗོད་རྒྱག་རྒྱུ་ཞིག་འཛམ་གླིང་འདིའི་སྟེང་ལ་འདུག ཡོད་པ་དེ་ཡང་ཉེ་ཆར་བྱུང་བ་གང་ཡང་མ་རེད། ལོ་སྟོང་ཕྲག་གཉིས་གསུམ་རིང་ནས་བྱུང་བ་ཞིག་རེད། དེར་བརྟེན་འཛམ་གླིང་འདིའི་སྟེང་མིའི་སྤྱི་ཚོགས་ནང་ལ་ཆོས་ལུགས་མི་འདྲ་བ་དེ་དག་སྒེར་པ་སོ་སོའི་དོན་དག་རེད། ཆོས་ལུགས་མི་འདྲ་བ་དེ་དག་མཉམ་དུ་ཚོགས་ཐུབ་པ་ཞིག་དང་གཅིག་གིས་གཅིག་ལ་དད་པ་དང་གུས་ཞབས་བྱ་རྒྱུ་ཞེས་པ་དེ་ཡོང་ཐུབ་པ་ཞིག་རྒྱ་གར་ལ་དེ་ལྟར་བྱེད་ཐུབ་ཀྱི་འདུག་ཅེས་ཤོད་ཀྱི་ཡོད།
ངོས་ཀྱིས་ཆོས་ལུགས་མཐུན་སྒྲིལ་སྐོར་ལ་དེ་ལྟར་ཤོད་ཀྱི་ཡོད། ཆབ་སྲིད་ཀྱི་ལས་དོན་དེ་དེང་དུས་ཀྱི་ཤེས་ཡོན་ཡོད་པ་མི་མང་གིས་འོས་འདེམས་བྱས་པའི་སྲིད་སྐྱོང་གིས་འགན་གཙོ་བོ་ལེན་གྱི་ཡོད། སྤྱིར་བཏང་བོད་ཀྱི་འཐབ་རྩོད་དེ་བོད་སྤྱིའི་དོན་དག་རེད། དེ་བོད་མི་མང་གི་དོན་དུ་རེད། མི་མང་གིས་བདམས་པ་རེད། དེར་བརྟེན་མི་མང་གི་འགན་ཆ་ཚང་འཁྱོག་གི་རེད་ལ་འཁྱེར་ཐུབ་པ་ཞིག་བྱེད་དགོས། ཚུར་ཕྱོགས་འདིར་འཛམ་གླིང་མི་སྤྱིའི་ཞི་བདེ་གོང་འཕེལ་གཏོང་རྒྱུ་དང་གཅིག ཆོས་ལུགས་མཐུན་སྒྲིལ་བྱ་རྒྱུ་གཉིས་ཀྱི་ཐོག་ལ་ངོས་རང་ག་ལེར་ག་ལེར་རྐྱེན་དེ་ལྟ་བུ་ཆགས་ནས་ཡོད་སྟབས། ངོས་ཀྱིས་དེའི་ཐོག་ལ་དུས་ཚོད་མང་ཙམ་བཏང་སྟེ་བྱེད་ཀྱི་ཡིན་ན། ཤུགས་ཀྱི་བོད་དོན་ལ་ཕན་གྱི་ཡོད། ཆབ་སྲིད་ཀྱི་འགན་དེ་འོས་བསྡུའི་ཐོག་ནས་སླེབས་པའི་འགོ་ཁྲིད་ཀྱིས་འགན་གཙང་མ་འཁྱེར། བོད་ཀྱི་ཆོས་ལ་ཆ་བཞག་ན། ཆོས་ལུགས་མཐུན་སྒྲིལ་ཡིན་ནའང་འདྲ། བོད་མི་ཅི་བྱིངས་ཀྱི་མི་ཚེ་སྐྱིད་པོ་ཡོང་རྒྱུའི་སྤྱི་ཚོགས་ཡོང་རྒྱུ་དེ་འཛམ་གླིང་སྤྱིའི་ལས་དོན་བསྒྲུབ་རྒྱུ་དེ་དག་ངོས་ཀྱིས་ངོས་རང་ནམ་ཚོད་རིང་ལ་གང་ཐུབ་པ་དེ་བྱ་རྒྱུ་བྱས་ནས་ཕྱིན་ན་ཡག་པོ་ཡོང་ས་རེད་སྙམ་སྟེ། བར་སྐབས་ལོ་གཅིག་གཉིས་གོང་ལ་ངོས་ཀྱིས་ཐག་གཅོད་བྱས་པ་དེ་ནས་ངོས་རང་བློ་བདེ་བྱས་ནས། ང་ཚོས་ལོ་མང་པོའི་རིང་ལ་རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་ཞེས་པ་དེ་ཆབ་སྲིད་ཐོག་ནས་འདོད་དོན་དེ་གྲུབ་ནས་ང་ཚོ་ལམ་ཁ་དང་མ་སོང་ནའང་ཤར་བསྐྱོད་འགྲོ་རྒྱུ་ཞིག་ཡོད་སྟབས། ལམ་ཁ་ཧ་ཅང་ཡག་པོ་ཆགས་ཡོད་པས་ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱས་ནས་བཞུགས་རོགས་གནང་།
དེ་རིང་འདིར་བྱེས་ཀྱི་ཆོས་སྡེ་ཆེན་པོ་ཁག་དེ་དག་མ་སོར་མངའ་སྡེའི་ནང་ཚུགས་ཡོད། དེ་བཞིན་གཞིས་ཆགས་མང་ཤོས་ཀྱང་མ་སོར་མངའ་སྡེའི་ནང་ཡོད། ཕྱི་ལོ་ ༡༩༥༦ ལོར་ངོས་རང་སངས་རྒྱས་མྱ་ངན་ལས་འདས་པའི་དུས་ཆེན་ལ་ཡོང་སྐབས། སྐུ་ཞབས་ནི་ཇ་ལིང་ག་པ་ཁོང་དམིགས་བསལ་བོད་པའི་ཐོག་དོ་སྣང་གནང་མཁན་ཞིག་ཡོད། དེ་དུས་ནས་ངོས་ཀྱི་ངོ་ཤེས་པ་རེད། ཕྱི་ལོ་ ༡༩༥༩།༦༠ ལོར་ང་ཚོ་བོད་མི་བཙན་བྱོལ་བ་ཚོར་གཞིས་ཆགས་བྱ་རྒྱུའི་ས་ཆ་ཞིག་དགོས་ཀྱི་འདུག་ཅེ་པཎྡྲི་ཏ་ནེ་རུར་ཞུས་སྐབས། ཁོང་གིས་མངའ་སྡེ་ཁག་གི་བློན་ཆེན་ཚོར་ཕྱག་བྲིས་གནང་བ་རེད། མ་སོར་མངའ་སྡེ་གཞུང་ནས་ལན་ཡག་ཤོས་དང་མགྱོགས་ཤོས་བྱུང་བ་རེད། དེ་ལྟར་བྱས་ནས་མངའ་སྡེའ་འདིའི་ནང་ལ་གཞིས་ཆགས་ཆེ་ཁག་ཚུགས་པ་དང་ཆབས་ཅིག་ཆོས་སྡེ་བཤད་གྲྭ་ལོ་རྒྱུས་ཐོག་སྙན་གྲགས་ཡོད་པའི་བཤད་གྲྭ་ཆེ་ཁག་དེ་དག་ཚུགས་ནས་ཡག་ཐག་ཆོད་བརྗོད་དགོས་པ་རེད། དེ་རིང་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་ལ་ངོས་རང་གིས་ཆོས་འབྲེལ་བྱ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་།
འདི་གར་ཁྱེད་རང་ཚོའི་ཐོག་ནས་དེ་རིང་འདི་གར་བཀའ་དྲིན་རྗེས་དྲན་གྱི་གསོལ་རས་གནང་བའི་མཚོན་དོན་དེ་ཡང་ཧ་ཅང་ཡག་པོ་འདུག གོང་དུ་ཟམ་གདོང་རིན་པོ་ཆེེས་འགྲེལ་བཤད་བསྐྱོན་པ་དེ་དག་སེམས་འགུལ་ཐེབས་དགོས་པའི་ཧ་ཅང་ཡག་པོ་འདུག་པས་ཐུགས་རྗེ་ཆེ་ཞུ་གི་ཡིན། ཁྱེད་རང་ཚོ་སློབ་གྲྭའི་སློབ་ཕྲུག་ཚོ་གནང་ཉིན་ང་ཚོ་ཟུར་དུ་ཐུག་རྒྱུ་ཡིན། ཁྱེད་རང་ཚོ་དེ་དག་ང་ཚོའི་མ་འོངས་པའི་བོད་ཅེས་པའི་འགན་འཁྱེར་མཁན་གཙོ་བོ་དེ་ཁྱེད་རང་ཚོ་ཕྲུ་གུ་ཚོ་ཆགས་ཡོད། རྒན་རབས་རྣམ་པ་རིམ་བཞིན་རྫོགས་འགྲོ་གི་རེད། སྤྱིར་བཏང་ཕྲུ་གུ་ཚོ་ཡང་རིམ་བཞིན་རྫོགས་འགྲོ་གི་རེད། འོན་ཀྱང་ལྟོས་ས་ལྟོས་ཕྱོགས་སྒོ་ནས་རྒན་པ་ཚོ་སྔོན་ལ་རྫོགས་འགྲོ་གི་རེད། ཁྱེད་རང་ཚོ་མཇུག་ཏུ་སྡོད་ཀྱི་རེད། དེར་བརྟེན་གང་ལྟར་ང་ཚོའི་མ་འོངས་པ་ཞེས་པ་དེ་བཟོ་ལྟ་གང་འདྲ་ཞིག་ཆགས་དང་མ་ཆགས་ད་ལྟ་བར་ལྟོས་ཕྱོགས་ཆེན་པོ་ཡོད། འདས་པ་ཞེས་པ་དེ་ཚར་ཟིན་སྟབས་བཟོ་བཅོས་རྒྱག་རྒྱུ་གང་ཡང་མེད། ཡག་པོ་ཞིག་བྱུང་ན་ཧ་ཅང་ཡག་པོ་རེད། སྡུག་པོ་ཞིག་བྱུང་ནས་ཨ་ཁ་ཞེས་པ་མ་གཏོགས་བྱ་རྒྱུ་གང་ཡང་མེད། མ་འོངས་པ་ཞེས་པ་དེ་ང་ཚོའི་ལག་པར་ཡོད་པར་བརྟེན། བོད་ཀྱི་མ་འོངས་པ་ཞེས་པ་དེ་ཕྲུ་གུ་ཚོའི་ལག་པར་ཡོད་སྟབས། ཁྱེད་རང་ཚོ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་ཕྱི་ལོ་ ༡༩༥༩ ཟླ་ ༤ པར་རྒྱ་གར་དུ་སླེབས་ནས་ཕྱི་ལོ་ ༡༩༦༠ ལོར་མ་སུ་རིར་སློབ་གྲྭ་དང་པོ་བཙུགས་པ་རེད།
དེ་དུས་ང་ཚོས་ཆོས་སྒར་ཁག་དེ་དག་འཛུགས་རྒྱུར་བྲེལ་བ་གང་ཡང་བྱས་མེད། སྦག་སར་ང་ཚོས་གྲ་སྒྲིག་བྱ་རྒྱུ་དགེ་འདུན་གྱི་ཁ་གྲངས་ཕྲན་བུ་སྤར་རོགས་ཞེས་རྒྱ་གར་གཞུང་ལ་ཞུས་པ་རེད་མ་གཏོགས་དགོན་པའི་དོན་དུ་ས་ཆ་ཉོ་རྒྱུ་སོགས་གང་ཡང་བྱས་མེད། ག་རེ་བྱས་ཡོད་དམ་ཞེ་ན་སློབ་གྲྭ་འཛུགས་རྒྱུ་བྱས་ཡོད། གང་ལ་ཞེ་ན་ང་ཚོ་བོད་ལ་དཀའ་ངལ་དེ་འདྲ་ཞིག་འཕྲད་རྒྱུ་དེ་དེང་དུས་ཀྱི་ཤེས་ཡོན་མེད་པའི་རྐྱེན་གྱིས་དཀའ་ངལ་དེ་འཕྲད་པ་རེད། དེའི་ཉམས་མྱོང་སོས་པ་ཞིག་ཡོད་སྟབས། རྒྱ་གར་དུ་སླེབས་མ་ཐག་ཏུ་ང་ཚོའི་གཞོན་སྐྱེས་ཚོར་དེང་དུས་ཀྱི་སློབ་སྦྱོང་སྤྲོད་རྒྱུ་གཅིག་དང་ཡང་དེང་དུས་ཀྱི་སློབ་སྦྱོང་གཅིག་པུས་འདང་གི་མེད་སྟབས། ང་ཚོར་གནའ་རབས་ནས་ཡོད་པའི་ནང་བསམ་བློའི་ཡར་རྒྱས་དང་འབྲེལ་བའི་སློབ་སྦྱོང་དེ་ཡང་མཉམ་དུ་ཡོད་པ་ཞིག་བྱེད་དགོས་སྟབས། བོད་པའི་སློབ་གྲྭ་ཟུར་དུ་འཛུགས་དགོས་ཀྱི་འདུག་ཅེས་ནེ་རུར་ཞུས་པ་ལྟར། ཁོང་གིས་རྒྱབ་སྐྱོར་གཙང་མ་གནང་སྟེ་འགྲོ་སོང་དེ་དག་རྒྱ་གར་དབུས་གཞུང་ནས་འགན་ཆ་ཚང་བཞེས་པའི་ཐོག་ནས་བཙུགས་པ་རེད།
ནེ་རུ་དགོངས་པ་རྫོགས་ཟིན་པ་རེད། དེང་སྐབས་ང་ཚོའི་ཆབ་སྲིད་ཀྱི་འགན་འཁྱེན་མཁན་གཙོ་བོ་བློ་བཟང་སེང་གེ་ལགས་རེད། རྒྱ་གར་དུ་སྐྱེས་ནས་འཚར་ལོངས་བྱུང་ཞིང་དབུས་བོད་སློབ་འཛིན་ཚོགས་ཀྱི་བོད་པའི་སློབ་གྲྭར་སློབ་སྦྱོང་བྱས་རྗེས་སྙན་གྲགས་ཅན་གྱི་ཧརཝར་ཌེ་གཙུག་ལག་སློབ་གཉེར་ཁང་དུ་མཐའ་མའི་སློབ་སྦྱོང་བྱས་པ་རེད། ད་ཆ་མི་རབས་གསར་པ་དེ་དག་གིས་འགན་འཁྱེར་གྱི་ཡོད། ང་ཚོའི་ད་ལྟ་བར་དུ་འགྲོ་སྟངས་དེ་ཧ་ཅང་ཡག་པོ་བྱུང་འདུག ཁྱེད་རང་ཚོ་ཟུར་དུ་ཐུག་གི་ཡིན། བོད་ཀྱི་གནས་ཚུལ་གོང་དུ་སྲིད་སྐྱོང་གིས་བཀའ་སློབ་ཞིབ་ཕྲ་གནང་སོང་དེ་ལས་ལྷག་པ་ངོས་ལ་ཞུ་རྒྱུ་གང་ཡང་མི་འདུག བཀྲ་ཤིས་བདེ་ལེགས་ཐུགས་རྗེ་ཆེ་ཞེས་བཀའ་སློབ་སྩལ་ཡོད་པ་བཅས། །