༢༠༡༢ ཟླ་ ༡༢ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༣ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་འབྲས་སྤུངས་ཚོགས་ཆེན་དུ་བྱང་ཆུབ་ལམ་རིམ་གོ་སྒྲིག་ལྷན་ཚོགས་དང་། རི་བོ་དགེ་ལུགས་པ་སྤྱི། མོན་གྷོ་སེར་སྐྱ་མི་མང་བཅས་ནས་བཀའ་དྲིན་གཏང་རག་མཚོན་ཆེད་མདོ་ལུགས་ཀྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།
དེ་ཉིན་སྔ་དྲོའི་ཆུ་ཚོད་ ༨ པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབྲས་སྤུངས་བློ་གསལ་གླིང་རྒྱལ་བའི་ཕོ་བྲང་ནས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། འབྲས་སྤུངས་བློ་གླིང་མཁན་པོ་གྲགས་པ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག སྒོ་མང་མཁན་པོ་ཡོན་ཏན་དམ་ཆོས་མཆོག ས་གནས་འགོ་འཛིན་བསོད་ནམས་བསྟན་འཛིན་ལགས་སོགས་ཀྱིས་སྤྱན་རྒྱ་སྤོས་སྣེས་སྔོན་བསུས་ཏེ་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན་རྒྱལ་བའི་ཞབས་བརྟན་གསུང་བཞིན་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས་མཆོག་གིས་མཎྜལ་རྟེན་གསུམ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་བཅོམ་ལྡན་འདིར་ནི་བྱོན་པ་ལེགས་གསུངས་བ་དང་ལྷན་ཁྲི་ཚབ་སྒྲོན་འབུལ་དང་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་མཚམས་༸གོང་ས་མཆོག་གིས་བཀའ་སློབ་སྩལ།
དེ་རྗེས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས་མཆོག་གིས་གསོལ་འདེབས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་སྦྲགས་༸རྒྱལ་བའི་ཞབས་བརྟན་རབ་འབྱམས་མ་གསུང་འདོན་བཞིན་འབུལ་ཚན་ཁག་འབུལ་ལམ་ཞུས། དེ་ནས་ལྷོ་སྤྱི་ཀརྨ་སེང་གེ་ལགས་ཀྱིས་གཏང་རག་མཎྜལ་ཚོམས་བུ་འདེགས་འབུལ་ཞུ་བཞིན་ཚེ་དཔག་མེད་ཀྱི་བསྟོད་པ་ཉི་གཞོན་འཆར་ཀ་མ་དང་། ཡན་ལག་བདུན་པ། བསྟན་འབར་མ་བཅས་གསུང་འདོན་གྱི་མཇུག་རྫོགས་མཚམས་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་དངུལ་གཉེར་དགེ་བཤེས་ངག་དབང་སྐལ་བཟང་ལགས་ཀྱིས་གསུང་ཆོས་དང་འབྲེལ་བའི་རྩིས་ཁྲ་སྙན་སྒྲོན་ཞུས་པའི་ནང་གསུང་ཆོས་སྦྱིན་བདག་དང་ཞལ་འདེབས་ཁག་བསྡོམས་ཧིན་སྒོར་འབུམ་ཆིག་སྟོང་ཆིག་བརྒྱ་ཉི་ཤུ་རྩ་བརྒྱད་དང་ཆིག་ཁྲི་ཉིས་སྟོང་སུམ་བརྒྱ་བརྒྱད་ཅུ་གྱ་དགུ་བྱུང་སྐོར་དང་། སྐུ་འགྱེད་མང་ཇ་ཞལ་ལག་སོགས་ལ་ཧིན་སྒོར་ ༨༠༥ ༡༥ ༡༨༤ འབུམ་བརྒྱད་བརྒྱ་བཅུ་མེད་ལྔ་དང་ཆིག་ཁྲི་ལྔ་སྟོང་ཆིག་བརྒྱ་བརྒྱད་ཅུ་གྱ་བཞི་སོང་སྐོར་དང་། གོང་གསལ་བྱུང་སོང་ཁ་འཐབ་ཧིན་སྒོར་ ༣༢༢ ༩༧ ༢༠༥ ལྷག་སྐོར་སྙན་སྒྲོན་ཞུས་གྲུབ་བསྟུན་བཀྲིས་རྒྱལ་མཚན་རྩེ་མོ་དང་དམིགས་བརྩེ་མ་གསུང་བཞིན་མཇུག་སྒྲིལ་གནང་ཡོད།
དེ་རྗེས་༸གོང་ས་མཆོག་འབྲས་སྤུངས་བླ་སྤྱིར་ཉིན་གུང་ལྗགས་སྨིན་མཛད་གྲུབ་བསྟུན་ཆུ་ཚོད་ ༡༢ ཐོག་མོན་གྷོ་འདོད་རྒུ་གླིང་དུ་བདུན་ཕྲག་གཉིས་ཀྱི་ཆོས་འབྲེལ་ཁག་ཡོངས་སུ་ལེགས་པར་གྲུབ་སྟེ་སྐྱ་སེར་དུ་མའི་ལམ་གྱི་གཡས་གཡོན་དུ་མཇལ་དར་བདུག་སྤོས་ཐོགས་ཤིང་ཕེབས་ཁའི་མཇལ་ཞུ་དང་འབྲེལ་ཆིབས་སྐྱེལ་ཞུས་ཡོད་པ་བཅས།།