༢༠༡༢ ཟླ་ ༡༢ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྒྲུབ་བརྒྱུད་ཉིད་མས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༥ ཉིན་སྔ་དྲོ་ ༨།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱང་རྩེ་གྲྭ་ཚང་གི་རྒྱལ་བའི་ཕོ་བྲང་ནས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་དགའ་ལྡན་ཤར་རྩེའི་མཁན་པོ་བྱང་ཆུབ་ཆོས་ལྡན་མཆོག བཀྲིས་ལྷུན་མཁན་པོ་དཀའ་ཆེན་བློ་བཟང་ཚེ་བརྟན་མཆོག རྭ་སྟོད་གྲྭ་ཚང་གི་མཁན་པོ་ཐུབ་བསྟན་ལྷུན་གྲུབ་མཆོག་བཅས་ཀྱིས་སྤྱན་རྒྱ་སྤོས་སྣེས་སྔོན་བསུས་ཏེ་ཆོས་རའི་ཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན་དཀོན་མཆོག་རྗེས་དྲན་དང་ཤེས་རབ་སྙིང་པོ། ལམ་རིམ་གསོལ་འདེབས། ཡོན་ཏན་གཞིར་གྱུར་མ་བཅས་གསུང་འདོན་གནང་གྲུབ་མཚམས་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། དུས་གསུམ་དུ་འཇུག་པའི་སངས་རྒྱས་རྣམས་ཀྱིས་རྣམ་མཁྱེན་སྒྲུབ་རྒྱུའི་གཞུང་ལམ་གཅིག་ཏུ་ཡོད་པ་དེ་བདག་ལས་གཞན་གཅེས་པའི་བྱང་ཆུབ་སེམས་ཉམས་བཞེད་གནང་རྒྱུ་དེ་ཡིན། ཇི་ལྟར་དུས་གསུམ་མགོན་པོ་རྣམས། བྱང་ཆུབ་ཏུ་ནི་ངེས་མཛད་པས། བྱང་ཆུབ་སེམས་ལ་བླ་ན་མེད། དམ་པ་དག་ལ་སྐྱབས་སུ་མཆི། ཞེས་གསུངས་པ་ལྟར་ང་ཚོར་མིའི་ལུས་རྟེན་ཐོབ་སྟེ་བློ་སྦྱངས་བ་དང་རྒྱུ་མཚན་མཐོང་བའི་སྒོ་ནས་བདག་ལས་གཞན་གཅེས་པའི་བྱང་ཆུབ་སེམས་ཟེར་བ་དེ་འདྲ་ཞིག་ང་ཚོའི་རྒྱུད་ལ་རིམ་གྱི་སྤྱང་ན་རྒྱལ་སྲས་བྱང་ཆུབ་སེམས་པའི་བློ་གང་ན་ཡོད་ན་མིང་ཐོགས་རྒྱུའི་བདག་ལས་གཞན་གཅེས་པའི་སེམས་སྐྱེ་རྒྱུ་ཞིག་ཆགས་ཡོད། སྟོན་པ་བཅོམ་ལྡན་འདས་ནས་བཟུང་ང་ཚོའི་དྲིན་ཆེན་རྩ་བའི་བླ་མའི་བར་གྱི་སྐྱེས་བུ་དམ་པ་དེ་དག་ལ་མི་ཡི་ལུས་རྟེན་ཞིག་ཐོབ་ཡོད།
སྟོན་པ་བཅོམ་ལྡན་འདས་ཀྱང་མི་ཡིས་ལུས་རྟེན་ཐོབ་པ་ནས་གསར་དུ་སངས་རྒྱས་པའི་མཛད་པ་བསྐྱངས་པ་དེ་ཡིན། ཞེས་སོགས་བཀའ་སློབ་སྕལ་རྗེས་ཡན་ལག་བདུན་པའི་ཆོ་ག་སྔོན་དུ་སོང་བའི་སྒོ་ནས་སྨོན་པ་སེམས་སྐྱེད་དམ་བཅའ་ཅན་སྩལ་ཅིང་། མདོ་ལུགས་བརྟན་བཞུགས་ཀྱི་ཐུབ་པའི་གསོལ་འདེབས་དང་པཎ་གྲུབ་བཅུ་བདུན་གསོལ་འདེབས། འཁྲུངས་རབས་གསོལ་འདེབས་སོགས་གསུང་འདོན་གནང་བཞིན་བརྟན་བཞུགས་ཀྱི་སློབ་དཔོན་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་མཎྜལ་ཚོམས་བུ་འདེགས་འབུལ་དང་། དེ་རྗེས་འབུལ་ཚན་རྣམས་འདེགས་འབུལ་ཞུ་བཞིན་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་ཁག་གསུང་འདོན་ཐོག་བཀའ་དྲིན་གཏང་རག་མཎྜལ་དང་གནད་ཡོད་ཁག་ལ་ཐུགས་རྗེའི་ལེགས་དར་ཕུལ་ནས་ཀ་ཁྲི་སྒྲོག་རྗེས་བརྟན་བཞུགས་ཆོ་ག་སྒྲུབ་བསྟུན་ལམ་རིམ་བཀའ་ཁྲིད་དབུ་འཛུགས་བསྐྱངས་གནང་མཛད།
སང་ཉིན་ཕྱི་ཚེས་ ༦ ཉིན་ནས་འབྲས་སྤུངས་སུ་ཆིབས་སྒྱུར་གྱིས་མུ་མཐུད་ཕྱི་ཚེས་ ༡༣ བར་པེ་ཁྲིད་མཛད་རྒྱུ་དང་ལམ་རིམ་ཁྲིད་ཆེན་གྱི་འཕྲོས་རྣམས་ལོ་རྗེས་མར་གདན་ས་སེ་ར་ཆོས་སྒར་དུ་སྩལ་འཆར་ཡོད་པའི་གནས་བསྡུས་སུ།།