༢༠༡༢ ཟླ་ ༡༢ ཚེས་ ༤ རེས་གཟའ་མིག་དམར།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྒྲུབ་བརྒྱུད་ཉི་མ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༤ ཉིན་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱང་རྩེ་གྲྭ་ཚང་གི་རྒྱལ་བའི་ཕོ་བྲང་ནས་གླིང་མཆོག་སྤྲུལ་གླིང་རིན་པོ་ཆེའི་སྐུ་ཚབ་དང་དགའ་ལྡན་ཤར་རྩེའི་མཁན་པོ་བྱང་ཆུབ་ཆོས་ལྡན་མཆོག བྱང་རྩེ་མཁན་ཟུར་བློ་བཟང་ཚེ་འཕེལ་མཆོག སེར་བྱེེས་མཁན་པོ་བློ་བཟང་བདེ་ལེགས་མཆོག་བཅས་ཀྱིས་སྤྱན་རྒྱ་སྤོས་སྣེས་མངོན་བསུས་ཏེ་ཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན་ལམ་རིམ་གསོལ་འདེབས་དང་ཡོན་ཏན་གཞིར་གྱུར་མ་གསུང་འདོན་མཚམས་སེར་བྱེས་མཁན་པོ་བློ་བཟང་བདེ་ལེགས་མཆོག་དང་བྱང་རྩེ་མཁན་ཟུར་བློ་བཟང་ཚེ་འཕེལ་མཆོག་རྣམ་གཉིས་ཀྱི་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་སྒྲུབ་བསྟུན་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་པ་འདོད་པ་རེད། བདེ་སྡུག་གི་རྩ་བ་དེ་སེམས་ལ་ཐུག་གི་ཡོད་སེམས་འདུལ་ན་བདེ་སྐྱིད་ཡོང་གི་རེད། སེམས་མ་དུལ་ན་སྡུག་བསྔལ་ཡོང་གི་ཡོད་པ་གསལ་པོ་ཞེ་དྲག་རེད། སེམས་འདུལ་བ་མཐར་ཐུག་དེ་སངས་རྒྱས་གོ་འཕངས་དེ་ཆགས་ཡོད།
ཅེས་སོགས་དང་ཡང་འཛམ་གླིང་དཔལ་འབྱོར་ཡར་རྒྱས་ཞེ་དྲག་ཕྱིན་པའི་སྐབས་འདིར་རྣམ་གཡེང་འདུ་འཛིའི་རྐྱེན་མང་པོ་ཞིག་ཡོང་གི་ཡོད། ང་ཚོའི་དགེ་འདུན་པའི་ནང་སློབ་གཉེར་གང་ལ་གང་ཙམ་ཐོན་འགྲོ་བ་ཡོང་གི་ཡོད། དགེ་བཤེས་གང་མགྱོགས་བཞག་ཟིན་པའི་རྗེས་ལ་དམིགས་ཡུལ་ཌོ་ལར་དོན་གཉེར་བྱས་ཏེ་རྒྱ་གར་ནང་ཞེ་དྲག་ཡིད་མ་ཆགས་པར་རྒྱ་གར་རུ་པོ་ལ་ཞེ་དྲག་གི་མཐོང་མ་བྱས། དེ་ལས་ཌོ་ལར་མཐོང་ཆེ་བ་ཡོད་དུས་ཕྱི་རྒྱལ་ལ་འགྲོ་རྒྱུར་རྔན་པ་དང་རྒྱུ་སྤྲད་ན་ཨེ་དྲག་ག་རེ་བྱེད་དགོས་བྱུང་ཡང་བྱས་ཏེ་འགྲོ་མཁན་ཡོད། དེ་འདྲ་བྱས་ན་ང་ཚོའི་ནོར་འཕྲུལ་རེད། གྲྭ་ས་འགྲིམས་ནས་དཔེ་ཆ་བལྟས་ཏེ་རབ་བྱུང་ན་སྒྲུབ་པའི་རྒྱལ་མཚན་འཛིན་པ་ཞིག་དགོས་ཀྱི་ཡོད། སྔོན་གྱི་ལམ་རིམ་བླ་མ་དེ་དག་སྔོན་ལ་སློབ་གཉེར་དང་དེ་ནས་བྱ་བྲལ་བྱས་སྒྲུབ་པའི་རྒྱལ་མཚན་བཙུགས་པ་འདྲའི་ཐོག་ནས་བསྟན་པར་ཞབས་འདེགས་བསྒྲུབས་ཡོད། ཅེས་སོགས་དང་ཡང་། རིམ་པ་གཉིས་པ་དེ་གྲྭ་ས་གྲྭ་ཚང་རང་དུ་བསྡད་དེ་དཔེ་ཁྲིད་ཀྱི་འགན་འཁྱེར་རྒྱུ་ཞེ་དྲག་གལ་ཆེན་པོ་ཞིག་དང་སྐབས་རེ་སྒྲུབ་པའི་རྒྱལ་མཚན་འཛིན་པ་ལས་དེ་གལ་ཆེ་བའི་བཟོ་འདྲ་ཞིག་ཡོད། སངས་རྒྱས་པའི་བསྟན་པ་མི་རབས་ནས་མི་རབས་བར་འཛིན་དགོས་པ་ཡིན་དུས་སོ་སོ་སློབ་གཉེར་བྱས་ཏེ་སྒྲུབ་པའི་རྒྱལ་མཚན་འཛིན་ཏེ་ས་ལམ་བགྲོད་རྒྱུ་གལ་ཆེ་ཡིན་ཡང་དེ་ལས་ཀྱང་མི་རབས་ནས་མི་རབས་སངས་རྒྱས་པའི་ཆོས།
ལྷག་པར་དུ་དཔལ་ན་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་མི་རབས་ནས་མི་རབས་འཛིན་ཐུབ་རྒྱུ་ཞིག་གདན་ས་ཁག་གཙོ་བོར་གྱུར་པའི་རིས་སུ་མ་ཆད་པའི་ཆོས་སྡེ་ཁག་གི་དཔེ་ཁྲིད་གནང་སྟེ་ཐུགས་འགན་བཞེས་མཁན་མང་པོ་ཞིག་དྲན་པའི་ཡུལ་ཙམ་མ་གཏོགས་མེད་པར་ད་ཆ་དགོངས་པ་རྫོགས་ཚར་ཡོད། དེ་དག་གི་བཀའ་དྲིན་ནམ་ཡང་བརྗེད་ཐབས་མེད་བཀའ་དྲིན་མཛད་རྗེས་ཆེན་པོ་རྣམས་དྲན་དགོས་པ་རེད། ཁྱེད་རྣམས་མི་རབས་གསར་པ་ཐོན་ཡོད་པ་ཚོས་སོ་སོའི་གྲྭ་ས་རང་དུ་བསྡད་དེ་ང་ཚོའི་འཇིག་རྟེན་དུ་སྐབས་གསུམ་དུ་སྨིན་པ་གསུང་པ་ལྟར་རེད། སོ་སོ་འཚར་ལོངས་དང་སློབ་གཉེར་བྱེད་ཡུལ་དེར་སློབ་སྦྱོང་ཤེས་པ་གཞུང་གི་གོ་རྒྱ་གང་ཡོད་པ་མི་རབས་གསར་པར་རྩིས་སྤྲད་དེ་འགྲོ་རྒྱུ་གལ་ཆེན་པོ་འདུག དེ་བཞིན་འཛམ་གླིང་འདིའི་སྟེང་ཆོས་ཚོགས་བོད་ཀྱི་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ལུང་པ་འདྲ་མིན་ནང་ཡོད། ཆོས་དགེར་འགྲོ་མཁན་ཚོ་ཞེ་དྲག་གལ་ཆེན་པོ་འདུག ཆོས་ཚོང་བ་དང་ཟོག་རྫུ་ཤོད་མཁན་དེ་འདྲ་ཆགས་པ་ཡིན་ན། ངོ་ཐོག་བཤད་ན་གང་ཟག་རྫུན་པ་ཆགས་པ་མ་གཏོགས་གང་ཡང་མེད་ཀྱང་། མཚན་གཞི་དཔེ་བརྗོད་དེ་བཟུང་ནས་བོད་ཀྱི་སངས་རྒྱས་ཆོས་རྫུན་པ་དང་ཚུལ་འཆོས་དེ་འདྲ་ཞིག་མཐོང་ན་ཡག་པོ་མི་འདུག དེར་བརྟེན་ཆོས་ཚོགས་འདྲ་མིན་ནང་དགེ་རྒན་སློབ་སྟོན་བྱེད་པར་འགྲོ་མཁན་གྲས་དེ་ལྷག་པར་དུ་གལ་ཆེན་པོ་བརྩིས་ཏེ་འགན་ཆེན་པོ་ཞིག་ཡོད་བསམས་པ་བྱས་ཏེ་གཟབ་གཟབ་བྱེད་རྒྱུ་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་གནང་མཛད་རྗེས་ལམ་རིམ་བཀའ་ཁྲིད་དབུ་འཛུགས་ཡོད།
ད་ཐེངས་༸གོང་ས་མཆོག་མོན་གྷོ་འདོད་རྒུ་གླིང་དུ་ཆིབས་སྒྱུར་སྐབས་ཕྱི་ཚེས་ ༢༩། ༣༠། ༡ བར་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་བཞུགས་ཞག་དང་། ཕྱི་ཚེས་ ༢ ཉིན་རྙིང་དགོན་རྡོ་བྲག་གསང་སྔགས་ཆོས་གླིང་དུ་བཞུགས་ཞག ཕྱི་ཚེས་ ༣། ༤། ༥། དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་བཞུགས་མཛད་ནས་མཁན་ལས་སྣེ་རྣམ་པར་ཆོ་ག་ཕྱག་ལེན་དང་དགེ་འདུན་པའི་བསླབ་པ་སློབ་གཉེར་ཐད་གསུང་གླེང་མཛད་ཡོད། ཕྱི་ཚེས་ ༥ ཉིན་དགའ་ལྡན་དུ་ཆོས་མཚམས་ཤིག་སྒྲུབ་བསྟུན་བརྟན་བཞུགས་བསྡུས་པ་ཞིག་བསྟར་འབུལ་རྒྱུ་དང་། ཕྱི་ཚེས་ ༦ ཉིན་འབྲས་སྤུངས་སུ་ཆིབས་སྒྱུར་གྱིས་བདུན་ཕྲག་གཅིག་རིང་བཀའ་ཁྲིད་མུ་མཐུད་མཛད་རྒྱུ་ཡིན་པ་བཅས།།