༢༠༡༢ ཟླ་ ༡༢ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༡ ཉིན་བཏང་གས་ནང་འཁོད་དོན། ཤེས་ལོངས་ས་གནས་འཐུས་མི་ཚོགས་འདུ་སྐབས་ ༤ པའི་འཐུས་མི་གསར་འདེམས་གྲུབ་སྟེ། དབུས་འོས་བསྡུ་ལས་ཁང་བརྒྱུད་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ལས་འཁུར་དམ་འབུལ་གྱི་ཞུ་སྐུལ་ཕུལ་འབྱོར་ལྟར། ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ས་གནས་ཁྲིམས་ཞིབ་པ་བློ་བཟང་ཚེ་ཐར་ལགས་ཀྱིས། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༨ ཉིན་ཤེས་ལོངས་ས་གནས་བོད་དགོན་དགའ་ལྡན་ཆོས་གླིང་གི་མདུན་ཐང་དུ་ཤེས་ལོངས་ས་གནས་འཐུས་མི་ཚོགས་འདུ་སྐབས་ ༤ པའི་ས་འཐུས་རྣམ་པའི་ལས་འཁུར་དམ་བཅའ་འབུལ་བཞེས་དང་། དེ་བཞིན་འདེམས་ཐོན་ས་འཐུས་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱི་ལས་འཁུར་དམ་བཅའ་འབུལ་བཞེས་གནང་ཡོད།
ཐེངས་འདིའི་དམ་འབུལ་མཛད་རིམ་དང་སྟབས་བསྟུན། ས་གནས་ཁྲིམས་ཞིབ་པ་གསར་པའི་ངོ་སྤྲོད་འཚམས་འདྲི་དང་སྦྲགས་བློ་བཟང་ཚེ་ཐར་ལགས་ནས་ཉིན་དེ་རང་ལ་ཤེས་ལོངས་ས་གནས་མང་ཚོགས་ ༥༠ ཙམ་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད།
བློ་བཟང་ཚེ་ཐར་ལགས་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་འདེགས་རྒྱུགས་ཀྱི་ལམ་ནས་ཐད་བསྐོ་གནང་སྟེ། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༣ ཉིན་ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པའི་ལས་འགན་བཀོད་སྒྲིག་གནང་བ་ཞིག་ཡིན་པ་བཅས་ཀྱི་གསར་འགྱུར་སྙིང་བསྡུས་སུ།།