༢༠༡༢ ཟླ་ ༡༢ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །འདི་གར་ཤི་ལོང་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས་བཏང་གནས་ནང་འཁོད་དོན། བོད་རྒྱལ་ལོ་ ༢༡༣༩ ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༢༣ འཁོར་བའི་དུས་ཆེན་རྒྱ་གར་བྱང་ཤར་གོ་ཧ་ཌིར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་ཤི་ལོང་ནས་མི་གྲངས་ ༡༤༠ དང་། ཏི་རྫུ་ནས་ ༡༠༠ ལྡི་མ་སྤུར་ནས་ ༦༠ ཀོ་ཧི་མ་ནས་ ༢༥ ཨི་ཌ་ན་གར་ནས་ ༣༠ འབུམ་ལ་ནས་ ༢༤ བསྟན་སྒང་ནས་ ༢༤ ལྡི་སྤུ་གར་ནས་ ༢༠ དེ་བཞིན་རྒྱ་གར་སྐུ་མགྲོན་དང་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༤༥༠ བརྒལ་བ་འདུ་འཛོམས་ཀྱིས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་མངའ་གསོལ་གྲུབ་མཚམས་ཤི་ལོང་མཁན་རིན་པོ་ཆེའི་སྐུ་ཚབ་མཆོག ཕྱོགས་བཞུགས་སྤྱི་འཐུས། ས་གནས་འགོ་འཛིན། ཤི་ལོང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱིས་རྒྱལ་བའི་སྐུ་པར་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས།
དེ་རྗེས་ལྡི་མ་སྤུར་རང་བདེན་ཚོགས་གཙོ། ཀོ་ཧི་མ་མི་འཐུས༌། ཨི་ཌ་ན་གར་མི་འཐུས། འབུམ་ལ་མི་འཐུས། བསྟན་སྒང་འཐུས་མི་བཅས་ཀྱིས་རིམ་བཞིན་རྒྱལ་བའི་སྐུ་པར་ལ་མཇལ་དར་སྒྲོན་འབུལ་ཞུས་གྲུབ་མཚམས། སམ་བྷོ་ཊ་སློབ་གྲྭས་རོལ་དབྱངས་དང་བཅས་འཕགས་བོད་གཉིས་ཀྱིས་རྒྱལ་གླུ་དང་ནོ་བེལ་ཞི་བདེའི་བསྟོད་གླུ་དབྱངས་ཕུལ། དེ་ནས་བོད་བསྟན་པ་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེ་པ་ཕོ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེ་དང་མྱ་ངན་མཚོན་སླད་ངག་བཅད་སྐར་མ་གཅིག་ཞུས།
དེ་ནས་ཤི་ལོང་ས་གནས་འགོ་འཛིན་གྱིས་དུས་ཆེན་ངོ་སྤྲོད་དང་སྲིད་སྐྱོང་མཆོག་གི་ཡོངས་ཁྱབ་གཏམ་བཤད་དབྱིན་བོད་གཉིས་ཀྱི་ཐོག་ཡོད་པ་དེ་སྒྲོགས་སྦྱང་གནང་། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཀྱིས་སྤྱི་འཐུས་ལྷན་ཁང་གི་གསུང་བཤད་སྒྲོགས་སྦྱང་གནང༌རྗེས་གོང་གསལ་ས་ཁུལ་ཁག་ནས་ཕེབས་པའི་འཐུས་མི་རྣམ་པས་རིམ་བཞིན་དུས་ཆེན་དང་འབྲེལ་བའི་གསུང་བཤད་མདོར་བསྡུས་རེ་གནང༌།
དེ་ནས་སྐུ་མགྲོན་གཙོ་བོ་ཨ་སམ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ན་བ་ཀྲག་གུ་རི་ཡ་མཆོག་ནས་བོད་ནང་ཕེབས་འདོད་ཤུགས་ཆེ་ཡོད་ལུགས་དང་། བལ་ཡུལ་ནས་ལྷ་ས་བར་ལམ་གྲོན་ཧིན་སྒོར་༣༠༠༠༠ འགྲོ་གི་ཡོད་པ་དེ་་ནི་ལྡི་ལི་ནས་ལོན་གྲོན་ལྟ་བུ་རེད་འདུག་དེ་མིན་ས་གནས་གཞན་བརྒྱུད་བོད་དུ་འགྲོ་དགོས་མ་གཏོགས་གནམ་གྲུ་ཐད་ཀར་མེད་ཚུལ། ས་མཚམས་རྒྱ་ནག་དང་མཉམ་དུ་ཡོད་པ་ལས་བོད་པ་མཉམ་དུ་ཡོད་ན་རྒྱ་གར་ལ་མཁེ་ཕན་ཆེ་བ་ཡོད་ཚུལ། ཆུ་དང་རང་བྱུང་གཏེར་ཁ་སོགས་ལ་གནོད་སྐྱོན་མེད་པ་ཡོད་ལུགས། འཛམ་གླིང་རྒྱལ་སྤྱིས་འབར་མའི་ནང་བསྐྱོད་ཡོད་ཀྱང་བོད་ནང་གང་གི་ཆེད་མི་བསྐྱོད་པ་ཡིན་སྐོར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་བང་ཀི་མུན་འབར་མ་ནང་ཕེབས་ཡོད་ཀྱང་བོད་ནང་མ་ཕེབས་པ་གང་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན།
དགེ་བཤེས་ཉི་མ་རྒྱལ་མཚན་ལགས་ཀྱིས་སྨོན་ལམ་གསུང་འདོན་གནང་། ཡེ་ཤུ་སྐུ་ཚབ་སྐུ་ཞབས་ཀེ་གོ་གོ་རི་ལགས་ཀྱིས་བ་ཡེ་བལ་ཤིས་བརྗོད་གཅིག་ཨ་སམ་སྐད་ཡིག་ཐོག་སྒྲོགས་སྦྱང་གནང་། ཧིན་དྷུའི་སྐུ་ཚབ་རམ་པར་ས་ཌི་ལགས་ཀྱིས་ཤིས་བརྗོད་གཅིག་སྲུང་འདོན་གནང་། སིག་སྐུ་ཚབ་གུར་ཇིཏ་སིངྒ་ལགས་ཀྱིས་སྨོན་ལམ་གསུང་འདོན་གནང་རྗེས། སྐུ་མགྲོན་རྣམ་པར་ཕྱི་དྲིལ་ལས་ཁུངས་ནས་འགྲེམས་སྤེལ་གནང་བའི་གློག་བརྙན་དང་ཉེ་དུས་དམིགས་བསལ་ཚོགས་ཆེན་སྐབས་བོད་ནང་སྐུ་ལུས་མེར་སྲེག་གི་གློག་བརྙན་དེ་དག་བསྟན། དེ་ནས་ཆུ་ཚོུད་ ༣ ནས་ ༤ བར་དགེ་བཤེས་ལགས་དབུ་བཞུགས་ཐོག་མི་མང་རྣམས་ཀྱིས་མ་ནི་གསོག་བསྒྲུབ་གནང་། ཆུ་ཚོད་ ༤ ཐོག་མར་མེ་ཁྲོམ་སྐོར་གནང་ཡོད་པ་མ་ཟད། ཨ་སམ་གྱི་རྒྱལ་ས་གོ་ཧ་ཌི་ནང་ཆུ་ཚོད་ ༡།༢༠ རིང་གོམ་བགྲོད་སྐབས་བྱང་ཆུབ་སེམས་མཆོག་དང་བོད་དོན་སྐད་འབོད་ཤུགས་ཆེ་གནང་།
དེ་ནས་ཆུ་ཚོད་ ༥།༢༠ ནས་མང་ཚོགས་ལ་བོད་ནང་སྐུ་ལུས་མེར་སྲེག་གི་གློག་བརྙན་བསྟན་ཡོད། གོང་ཚེས་ཉིན་ཤི་ལོང་གིས་སྣེ་ཁྲིད་འོག་བྱང་ཤར་མངའ་སྡེ་གསུམ་གྱི་མི་མང་གིས་ལས་འགུལ་ཞི་རྒྱ་ཆེ་བ་ཞིག་སྤེལ་གནང་ཡོད་པ་བཅས།།