༢༠༡༢ ཟླ་ ༡༢ ཚེས་ ༡༥ རེས་གཟའ་སྤེན་པ།
༄༅། །གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༤ ཉིན་རྒྱ་གཞུང་གིས་བོད་མདོ་སྨད་རེབ་གོང་རྩེ་ཁོག་ཏུ་བོད་མི་ ༦ འཛིན་བཟུང་བཙན་ཁྲིད་བྱས་འདུག
གོང་ཚེས་ཉིན་གྱི་སྔ་དྲོ་ནམ་མ་ལངས་གོང་གི་མཚན་ཙམ་ལ་རྒྱ་གཞུང་ཉེན་རྟོག་པས། བོད་མདོ་སྨད་རེབ་གོང་རྩེ་ཁོག་རྫོང་དམེ་སྐོར་སྡེ་བའི་ཚེ་འདས་རྒྱལ་གཅེས་པ་རྟ་མགྲིན་རྡོ་རྗེ་ཚང་གི་ཨ་མཆོད་རང་ལོ་ ༤༢ ལ་སོན་པ་དགེ་འདུན་པ་འཇམ་དབྱངས་ལགས་དང་། དེ་བཞིན་དམེ་སྐོར་སྡེ་བའི་རང་ལོ་ ༤༧ ལ་སོན་པ་རྡོ་ཁོ་སྐྱབས་ལགས་དང་ཁོང་གི་བུ་རང་ལོ་ ༡༩ ལ་སོན་པ་ཆོས་འཕེལ་དར་རྒྱས་ལགས། དོ་བྷེ་ཚང་གི་རང་ལོ་ ༢༦ ལ་སོན་པ་དགེ་འདུན་ཆོས་འཛིན་ལགས། དེ་མིན་རང་ལོ་ ༢༧ ལ་སོན་པ་དགེ་འདུན་ཆོས་འཕེལ་བློ་བཟང་ལགས་བཅས་འཛིན་བཟུང་བཙན་ཁྲིད་བྱས་འདུག
གཞན་ཡང་ཕྱི་ཚེས་ ༡༣ ཉིན་རྩེ་ཁོག་རྫོང་མགོན་ཤུལ་བར་སྐོར་གྱི་ཚེ་འདས་རྒྱལ་གཅེས་སངས་རྒྱས་སྒྲོལ་མ་ཚང་གི་མག་པ་རང་ལོ་ ༢༦ ལ་སོན་པ་སྟོབས་རྒྱས་ལགས་ཀྱང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག་པ་བཅས།།