༢༠༡༢ ཟླ་ ༡༢ ཚེས་ ༡༥ རེས་གཟའ་སྤེན་པ།
༄༅། །ཡུ་རོབ་སྤྱི་མཐུན་ཚོགས་པའི་བདེ་འཇགས་དང་ཕྱི་འབྲེལ་ལས་དོན་ཚན་པའི་ཆེས་མཐོའི་སྐུ་ཚབ་ High Representative of the Union for Foreign Affairs and Security Policy ལྕམ་སྐུ་ཁེ་ཐེ་རིན་ཨེ་ཤི་ཊོན་ Catherine Ashton མཆོག་གིས་བོད་མིས་རང་ལུས་མེར་སྲེག་བཏང་བའི་གནད་དོན་ཐོག་བསྒྲགས་གཏམ་སྤེལ་བའི་ནང་འཁོད་དོན། བོད་མི་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་། དེ་ཁོངས་གཞོན་སྐྱེས་རང་ལུས་མེར་སྲེག་གཏོང་མཁན་གྲངས་ཇེ་མང་དུ་འགྲོ་བཞིན་པ་དེར་ཡུ་རོབ་སྤྱི་མཐུན་ཚོགས་པར་ཧ་ཅང་བློ་ཕམ་ཡོད། བོད་མི་ཚོས་རང་གི་མཐུན་མིན་ངོ་བོ་བདག་གཅེས་བྱ་རྒྱུའི་རང་དབང་ཐོག་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱས་པར་བརྟེན། ས་ཁུལ་དེ་དག་ནང་རྒྱ་ནག་གཞུང་གི་སྲིད་བྱུས་དེར་མི་འདོད་པའི་རྣམ་པ་ཤུགས་ཆེ་རུ་འགྲོ་བཞིན་ཡོད།
ང་ཚོས་རྒྱ་ནག་གི་ས་ཁྱོན་ལ་ཆིག་སྒྲིལ་ཐོག་གུས་བརྩི་ཞུས་ཏེ་རྒྱ་ནག་གཞུང་གིས་བོད་མི་ཚོའི་དཀའ་ངལ་གྱི་རྒྱུ་རྐྱེན་གཙོ་བོ་དེ་སེལ་ཐབས་ཀྱིས་བོད་མི་ཚོའི་སྤྱི་ཚོགས་དང་ཆབ་སྲིད། དཔལ་འབྱོར། རིག་གཞུང་སོགས་ཀྱི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པ་མ་ཟད། བོད་མི་ཚོས་རང་གི་མཐུན་མིན་རིག་གཞུང་དང་སྐད་ཡིག ཆོས་ཉམས་ལེན་བྱ་རྒྱུའི་ཐོབ་ཐང་སྤྲོད་དགོས་པའི་རེ་འདུན་ཤུགས་ཆེ་འདོན་རྒྱུ༜་ཡིན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ UN High Commissioner for Human Rights ཚོགས་གཙོ་ལྕམ་སྐུ་ན་ཝི་པིལ་ལེ་ Ms Navi Pillay མཆོག་གིས་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢ ཉིན་བསྒྲགས་གཏམ་སྤེལ་བ་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་དང་སྦྲགས། ཡུ་རོབ་སྤྱི་མཐུན་ཚོགས་པས་རྒྱ་ནག་གཞུང་ལ་བོད་མི་ཚོར་སྨྲ་བརྗོད་དང་འདུ་འཛོམས་ཀྱི་རང་དབང་ཐོག་དམ་བསྒྲགས་བྱ་རྒྱུ་མཚམས་འཇོག་གིས་ཞི་རྒོལ་ནང་མཉམ་ཞུགས་གནང་མཁན་གྱི་བོད་མི་འཛིན་བཟུང་བྱས་པ་རྣམས་གློད་བཀྲོཀྲོལ་གཏོང་དགོས།
ཕྱོགས་མཚུངས་ང་ཚོས་རྒྱ་ནག་གཞུང་ལ་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཡོངས་རྫོགས་སུ་རྒྱལ་སྤྱིའི་གཞུང་འབྲེལ་མི་སྣ་དང་རྒྱལ་སྤྱིའི་གསར་འགོད་པ་གཏོང་དགོས་པའི་རེ་འདུན་ཞུ་རྒྱུ་ཡིན། ང་ཚོས་བོད་མི་ཚོའི་འུ་ཐུག་གི་གནས་སྟངས་ལ་བསམ་ཤེས་ཐུབ་པའི་ཐོག་ནས་རང་ལུས་མེར་སྲེག་གཏོང་རྒྱུས་མཚོན་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་ཞུས་པ་དང་སྦྲགས། འབྲེལ་ཡོད་བོད་མིའི་སྤྱི་ཚོགས་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཚོས་དེ་མཚུངས་རང་ནུས་གང་ཡོད་ཐོག་རང་ལུས་མེར་སྲེག་གི་ལས་འགུལ་མཚམས་འཇོག་ཡོང་ཐབས་གནང་རོགས་ཞུ་རྒྱུ་ཡིན། མཐའ་དོན་ཡུ་རོབ་སྤྱི་མཐུན་ཚོགས་པས་བོད་རྒྱ་འབྲེལ་མོལ་དོན་སྙིང་ལྡན་པ་ཞིག་ཡོང་ཆེད་གྲོས་མོལ་བསྐྱར་མཐུད་ཡོང་རྒྱུར་འབྲེལ་ཡོད་ཚང་མར་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད་པ་བཅས།།