༢༠༡༢ ཟླ་ ༡༢ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རྭར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༣ འཁོར་བ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩིའི་མཛད་སྒོ་གཟབ་རྒྱས་ངང་ཚོགས་ཡོད་ཅིང་སྐབས་དེར་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ཕྱི་དྲིལ་ལས་ཁུངས་ནས་ཕྱོགས་སྒྲིག་དང་པར་སྐྲུན་ཞུས་པའི། འབར་བཞིན་པའི་བོད། ཅེས་པའི་དཔེ་དེབ་དབུ་འབྱེད་གནང་ཡོད། དཔེ་དེབ་འདིའི་ནང་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་རྒྱལ་གཅེས་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༦ ཉིན་རྒྱལ་གཅེས་ཐུབ་དབང་སྐྱབས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ནས་བོད་ཐོག་འཛིན་པའི་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་བའི་བར་རྒྱལ་གཅེས་པ་གྲངས་ ༦༢ ཀྱིས་རང་ལུས་མེར་སྲེག་བཏང་གནང་བའི་ལོ་རྒྱུས་དང་འདྲ་པར། ཁོང་རྣམ་པའི་ཁ་ཆེམས་དང་འབོད་ཚིག་བཅས་གསལ་ཡོད་ལ་དེ་བཞིན་ཕྱི་ལོ་ ༢༠༡༡ ཟླ་ ༡ ནས་ཕྱི་ལོ་ ༢༠༡༢ ཟླ་ ༧ བར་རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་དང་གནད་ཡོད་མི་སྣས་གླེང་སློང་ཤུགས་ཆེ་གནང་བ་རྣམས་ཕྱོགས་སྒྲིག་ཞུས་ཡོད་པ་དེ་བཞིན་རིན་མེད་ཐོག་འགྲེམས་སྤེལ་གནང་རྒྱུ་ལགས་ན་རྒྱ་ཆེའི་ཀློག་པ་པོ་རྣམས་ནས་འདི་གའི་འགྲེམས་སྤེལ་ཚན་པར་འབྲེལ་ལམ་ཡོང་བ་ཞུ།