༢༠༡༢ ཟླ་ ༡༢ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །མན་ཌི་ས་གནས་འགོ་འཛིན་ལས་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ ༢༣ འཁོར་བའི་དུས་དྲན་མཛད་སྒོ་དང༌། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་སྟབས་བསྟུན་མན་ཌི་ཁྱབ་ཁོངས་བོད་མིའི་ས་གནས་འགོ་འཛིན་ལས་ཁང་གི་སྒྲིག་ཁུངས་ཁ་མཐོར་ས་ཁག་བཞི་ཡོད་པས་ས་གནས་སུན་མཚོ་མན་གསུམ་དང༌། སྤོན་ཌོ་བཀྲིས་གླིང་བཅས་རང་རིགས་སེར་སྐྱ་མང་ཚོགས་བརྒྱ་ཙམ་སྔ་དྲོ་ཕྱག་ཚོད་ ༡༠་༠༠ ཐོག་མན་ཌི་རྫོང་ཁོངས་ཁྲོམས་གཞུང་སྡེངས་ཆ་སེ་རི་མནཅ་ Seri Manch Stage དུ་རང་ལུགས་ཆས་གོས་གཟབ་འཆོར་གྱིས་འདུ་འཛོམས་དང་སྦྲགས་མཚོ་པདྨར་བཞུགས་པའི་སྐྱབས་གནས་དགེ་བཙུན་རྣམས་ཀྱི་དབུ་འཛུགས་ཐོག་བོད་ནང་གི་ཛ་དྲག་གནས་སྟང་བྱུང་བཞིན་པའི་རྒྱལ་གཅེས་པ་འདས་གྲོངས་སུ་གྱུར་བ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་སྐྱིད་སྡུག་མཉམ་མྱོང་མཚོན་ཆེད་གསོལ་འདེབས་སྨོན་ལམ་མཆོད་འབུལ་གནང་ཡོད།
དེ་རྗེས་ཆུ་ཚོད་ ༡༡་༠༠ ཐོག་མན་ཌི་ས་འཐུས་ཚོགས་གཞོན་ངག་དབང་དོན་སྒྲུབ་ལགས་དང༌། མན་ཌི་ཁྱབ་ཁོངས་ས་འགོ་ལས་དྲུང་ངག་དབང་ཆོས་ལྡན་ལགས། མཚོ་པདྨ་འབྲེལ་མཐུད་པ་ཀརྨ་དགེ་ལེགས་ལགས། ས་གནས་རང་ཚོགས། ས་གནས་སྤྱི་མི་དང་ཁྱབ་ཁོངས་ས་ཁག་བཞིའི་སེར་སྐྱ་མང་ཚོགས། དེ་ཉིན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་མན་ཌི་རྫོང་ཁོངས་ཨས་གྲི་ཨམ་ SDM Shri. Rajesh Kumar (Sub-Divisional Magistrate) མཆོག་དང་སྐོུ་མགྲོན་གཞན་མན་ཌི་རྫོང་ཁོངས་གྲོང་སྡེ་ལས་ཁུངས་ཀྱི་ཚོགས་གཙོ་ Municipal Council President Smt. Sushila Sonkla ལྕམ་སྐུ་སུ་ཤི་ལ་སོག་ལྷ་དང་གྲོང་སྡེ་ལས་ཁུངས་ཀྱི་ཚོགས་གཞོན་ Municipal Council Vice President Mr. Gagan Kyishap དེ་བཞིན་ National Council Member Shri. Desh Raj Sharma (Anna Hasaree Team) དང་གསར་འགོད་པ་འདྲ་མིན་མཛད་སྒོའི་ཐོག་གདན་འདྲེན་ཞུས་སྟེ་མཛད་སྒོ་དངོས་གཞི་དབུ་འཛུགས་ཞུས། མཛད་སྒོའི་ཐོག་མ་སྐུ་མགྲོན་གཙོ་བོ་མཆོག་ནས་ྋགོང་ས་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་དང༌། སྣང་གསལ་ཞལ་འབྱེད་གནང༌།
དེ་བཞིན་ཚང་མ་སྐུ་བཞེངས་ཐོག་འཕགས་བོད་གཉིས་ཀྱི་རྒྱལ་གླུ་གཏང་གྲུབ་རྗེས་བོད་རྒྱལ་ཁབ་དོན་དུ་རང་སྲོག་གློད་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ཀྱི་ཆེད་དུས་ཡུན་ཀརྨ་གཅིག་རིང་མྱ་ངན་གུས་བཏུད་ཞུས། གསོལ་ཇ་འབྲས་སི་ཕུལ་རྗེ་ས་གནས་འགོ་འཛིན་ལས་ཚབ་མཚོ་པདྨ་འབྲེལ་མཐུད་པ་ཀརྨ་དགེ་ལེགས་ལགས་ནས་ཕེབས་བསུའི་གསུངས་བཤད་དང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དུས་དྲན་མཛད་སྒོའི་ཐོག་གསུང་བཤད་གནང་ཡོད་པ་དེ་སྒྲོགས་སྦྱང་ཞུས། དེ་རྗེས་མན་ཌི་ས་འཐུས་ཚོགས་མི་བསོད་ནམས་ཡེ་ཤེས་ལགས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུངས་བཤད་སྒྲོགས་སྦྱང་ཞུས། དེ་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་དང་རིམ་བཞིན་རྒྱ་གར་དཔོན་རིག་སྐུ་མགྲོན་རྣམས་པས་གསྲུངས་བཤད་གནང་། དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་མཆོག་ནས་ད་ཡོད་མཚོ་པདྨ་ཡན་ལག་སྨན་རྩིས་ཁང་གི་སྨན་པ་བཤད་གྲུབ་སེང་གེ་ལགས་སུ་སྤྱི་ཚོགས་འཕྲོད་བསྟེན་ཞབས་ཞུའི་ཐོག་ལོ་ངོ་ ༢༥ གཙང་ཟིན་པའི་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ལེགས་སོའི་ཕྱག་འཁྱེར་དང་མཇལ་དར་ཨ་ཤི་ཞིག་གནང་། དེ་ནས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་རང་ལུས་མེར་སྲིག་གི་སྐར་མ་དྲུག་རིང་གི་གློག་བརྙན་དེ་མི་མང་རྣམས་ལ་བསྟན། མཐར་བསྡོམས་མན་ཌི་ས་འཐུས་ཚོགས་གཞོན་ངག་དབང་དོན་སྒྲུབ་ལགས་ཀྱིས་ཧིན་སྐད་ཐོག་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་མན་ཌི་རྒྱལ་ས་ནང་སེར་སྐྱ་ཚང་མས་ཐོད་པར་རས་དཀར་པོར་བོད་ཨིན་གཉིས་ནང་། བོད་མིའི་སྐྱིད་སྡུག་མཉམ་མྱོང་། དང་ལག་ཏུ་རས་ནག་པོར་བོད་ཨིན་གཉིས་ནང་། བོད་སྐྱོབས། བོད་ལ་རང་དབང་དགོས། འཁོད་པ་བཏག་ཏེ་མར་མེ་ཁྲོམ་སྐོར་གནང་རྗེས་ཕྱི་དྲོ་ཚོུད་ ༢་༠༠ ཐོག་མཛད་སྒོ་ལེགས་སྒྲུབ་ཟིན་ཡོད། མཛད་སྒོའི་སྐབས་གསར་འགོད་པ་སོགས་སྔོན་ཚུད་གདན་ཞུས་ལྟར་གསར་འགོད་པ་གང་མང་ཞིག་ཕེབས་ཡོད་པ་བཅས།།