༢༠༡༢ ཟླ་ ༡༢ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བདུན་པ་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༦ ཉིན་ལྡི་ལི་བསམ་ཡས་གླིང་བོད་སྒར་ཉིན་མོའི་སློབ་གྲྭར་འགོ་འཛུགས་གནང་འདུག
དེ་ཡང་གོང་ཚེས་ཉིན་ལྡི་ལི་བསམ་ཡས་གླིང་གཞིས་སྒར་གྱི་ཉིན་མོའི་སློབ་གྲྭའི་མདུན་ཐང་དུ་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བདུན་པ་ཚོགས་ཡོད་པ་དང་། ཚོགས་ཆེན་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བདེ་སྲུང་བཀའ་བློན་མཆོག་སོགས་ཕེབས་ཡོད། དེ་བཞིན་ལྡི་ལི་བསམ་ཡས་གླིང་གཞིས་སྒར་གྱི་ས་གནས་འགོ་འཛིན་དང་། བརྒྱ་དཔོན། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ་བཅས་མཉམ་ཞུགས་གནང་ཡོད་འདུག
ཐེངས་འདིའི་ཚོགས་ཆེན་ཐོག་ཐོག་ས་གནས་ཁག་ ༡༢ ཀྱི་མཐོ་སློབ་ ༣༡ ནས་སློབ་མ་ ༨༡ ཙམ་འཛུལ་ཞུགས་གནང་ཡོད་ཅིང་། ཚོགས་ཆེན་འདིའི་དམིགས་ཡུལ་གཙོ་བོ་རྒྱ་གར་མཐོ་སློབ་འདྲ་མིན་ནང་སློབ་སྦྱོང་བྱེད་བཞིན་པའི་མཐོ་རིམ་སློབ་མ་རྣམས་ལོ་གཅིག་ལ་ཐེངས་རེ་ཙམ་ཕན་ཚུན་མཉམ་འཛོམས་བྱས་ཏེ། བོད་མི་རིགས་ཀྱི་ཆབ་སྲིད་དང་སྤྱི་ཚོགས། དཔལ་འབྱོར་སོགས་བརྗོད་གཞི་འདྲ་མིན་ཐོག་གྲོས་བསྡུར་དང་། ཕན་ཚུན་བསམ་ཚུལ་བརྗེ་རེས་ཀྱི་སྡིངས་ཆ་གསར་པ་ཞིག་བསྐྲུན་ཐུབ་པའི་ཆེད་དུ་ཡིན་འདུག
དེ་བཞིན་མཛད་སྒོའི་ཐོག་མཐོ་རིམ་སློབ་མ་ཡོངས་ཀྱི་ཚབ་ཞུས་ནས་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་ཆེད་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་པ་རྣམས་ཀྱི་ཚེ་སྲོག་བློས་གཏོང་གི་རླབས་ཆེན་སྙིང་སྟོབས་ལ་གུས་བརྩི་དང་གདུང་སེམས་མཉམ་སྐྱེ་མཚོན་ཆེད་ཆེ་བསྟོད་གཟེངས་རྟགས་དང་། གཞན་བོད་དབྱིན་གཉིས་ཀྱི་རྩོམ་ཡིག་འགྲན་བསྡུར་ནང་ཨང་རིམ་རྩེར་སོན་རྣམས་ལ་ཡང་བྱ་དགའ་དང་ལག་འཁྱེར་གནང་ཡོད།
དེ་བཞིན་ཚོགས་ཆེན་དེའི་ཐོག་ནས་བོད་དོན་ལས་འགུལ་ཐོག་ལོ་ངོ་ ༤༠ ལྷག་ཙམ་རིང་ཕྱག་ལས་གནང་མྱོང་མཁན་བོད་དོན་རྒྱབ་སྐྱོར་བ་དང་། པར་ལེན་གསར་འགོད་པ་ཝི་ཇེཡི་ཀ་རན་དི་”(Vijay Kranti)ལགས་སུ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་གནང་ཡོད། ཚོགས་ཆེན་དེ་ཕྱི་ཚེས་ ༢༦ ནས་འགོ་འཛུགས་ཀྱིས་ ༢༩ བར་ཁྱོན་ཉིན་བཞིའི་རིང་འཚོགས་རྒྱུ་ཡིན་འདུག