༢༠༡༢ ཟླ་ ༡༢ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པའི་དུས་དྲན་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་( Parliamentary Group for Tibet) སུད་བོད་མཐུན་ཚོགས་ (Swiss-Tibetan Friendship Association) ཟུང་འབྲེལ་གྱི་གོ་སྒྲིག་འོག ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་སུད་སིའི་ཆབ་སྲིད་ཚོགས་པ་ལྔ་ལས་གྲུབ་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་རྒྱལ་ས་བྷཱན་(Berne)དུ་མཇལ་འཕྲད་གནང་ཡོད།
སྐབས་དེར་ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་བོད་ནང་གི་བོད་མིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་བསྟུད་མར་འཐོན་བཞིན་ཡོད་སྐོར་གསལ་བཤད་ཞུས་པ་དང་ཆབས་ཅིག རྒྱ་ནག་གཞུང་གི་དྲག་གནོན་དང་བཙན་འོག་ཏུ་དཀའ་སྡུག་མྱོང་བཞིན་པའི་བོད་མི་རྣམས་ལ་སུད་སི་གྲོས་ཚོགས་དང་རྒྱལ་སྤྱིའི་ཐོག་ནས་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་རྒྱུ་ནི་ཛ་དྲག་གི་དུས་སྐབས་འདིར་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས་པ་དང་སྦྲགས། དེ་སྔ་དྲང་དམག་ (Cold War era)གི་དུས་སྐབས་སུ་དཀའ་སྡུག་མྱོང་བཞིན་པའི་ཤར་ཡུ་རོབ་རྒྱལ་ཁབ་ཁག་གི་མི་མང་ཚོར་སྙིང་སྟོབས་དང་བློ་སྤོབས་སྐྱེ་གཞི་གཙོ་བོ་ནི་རྒྱལ་སྤྱིའི་དོ་སྣང་དང་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཆགས་ཡོད་སྐོར་ལུང་འདྲེན་གསལ་བཤད་གནང།
ཕྱོགས་མཚུངས་ཁོང་གིས་མུ་མཐུད་གསུང་དོན། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་བོད་མིས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་བྱས་པ་ནས་བཟུང་བོད་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་དང། གསར་འགོད་པ། དེ་བཞིན་རྒྱལ་སྤྱིའི་མི་སྣར་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱས་པ་དང། ད་ཆ་བོད་མི་རྣམས་དུས་རྟག་ཏུ་འཇིགས་སྣང་དང་དངངས་སྐྲག་ཆེན་པོའི་འོག་གནས་མུས་ཡིན་པར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་རང་སྣང་གང་དྲན་བྱ་རྒྱུ་མཚམས་འཇོག་ཡོང་སླད་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་འཐུས་མི་བོད་ནང་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་མ་ཟད། རྒྱལ་སྤྱིའི་རང་དབང་ཅན་གྱི་གསར་འགོད་པ་སོགས་འགྲོ་སྐྱོད་ཆེད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་ཀྱི་གསུང་སྐབས། གྲོས་ཚོགས་འཐུས་མི་རྣམས་ཀྱིས་གྲོས་ཚོགས་ཀྱི་ཆ་རྐྱེན་འོག་མཐུན་རྐྱེན་ཇི་ཡོད་རྣམས་བེད་སྤྱོད་བཏང་སྟེ་རང་ནུས་གང་ཡོད་ཐོག་སུད་སི་གཞུང་ལ་རྒྱ་ནག་དང་ལྷན་བོད་དོན་གླེང་རྒྱུར་གནོན་ཤུགས་སྤྲོད་ཐབས་གནང་རྒྱུ་མ་ཟད། རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པའི་དགོས་འདུན་ལྟར་བོད་མིའི་དཀའ་ངལ་སེལ་ཆེད་འབད་བརྩོན་གནང་རྒྱུའི་ཁས་ལེན་གནང་ཡོད་པ་བཅས།།