༢༠༡༢ ཟླ་ ༡༢ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་༡༢ ཚེས་ ༡༠ ཉིན་ཏི་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཐོག་ཏི་ཛུ་བོད་མིའི་གཞིས་ཆགས་སུ་གནས་སྡོད་བོད་མི་སེར་སྐྱ་མི་མང་བསྟན་མཁར་མདུན་ཚང་འཛོམས་ཀྱིས་བསང་གསོལ་གནད་སྨོན་གཟབ་རྒྱས་ཞུས་ཏེ་གཞིས་གྲོང་ནས་བསྟན་མཁར་མདུན་བར་སྐུའི་རླུང་དར་འཛུགས་གནང་རྗེས། ཆུ་ཚོད་ ༨ ཐོག་སཀུ་མགྲོན་གཙོ་བོ་ས་གནས་ཉིན་སློབ་ཀྱི་དགེ་ཆེས་གཙོས་དགེ་ལས་རྣམ་པ་དང། ས་གནས་རང་བདེན་ཚོགས་ཆུང་གི་འཐུས་མི་རྣམ་པ། ས་གནས་འཐུས་ཚོགས་ཀྱི་ཚོགས་མི་རྣམ་པ།
ས་གནས་འགོ་འཛིན་དང་ལས་བྱེད་པ་རྣམ་པ། གཞིས་དགོན་གསུམ་གྱི་དབུ་འཛིན་རྣམ་པ། སློབ་ཕྲུག མི་མང་བཅས་ཁྱོན་མི་གྲངས་ ༣༥༠ བརྒལ་བ་༸རྒྱལ་བའི་ཕོ་བྲང་མདུན་ལྷན་འཛོམས་ཐོག་༸གོང་ས་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་རྫོགས་ཆེན་དགའ་ནོར་རིན་པོ་ཆེ་དབུ་བཞུགས་ཐོག་བླ་སྤྲུལ་དགེ་འདུན་པ་རྣམས་གྱི་ཞལ་འདོན་དབུ་འཛུགས་ཀྱིས་ས་གནས་འགོ་འཛིན་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་གནད་ཡོད་མི་སྣ་དང་མི་མང་རྣམས་ཀྱིས་རིམ་བཞིན་མཇལ་ཁ་ཞུས། དེ་ནས་ལས་དྲུང་ལས་ཚབ་ཀྱིས་མཛད་སྒོའི་ལས་རིམ་ངོ་སྤྲོད་དང་འབྲེལ་ས་གནས་ཉིན་སློབ་སློབ་མ་རྣམས་ཀྱིས་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་རྗེས། བོད་བསཏན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོང་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཕོ་མོ་ཡོངས་ལ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་གནང། དེ་རྗེས་སློབ་ཕྲུག་རྣམས་ཀྱིས་ནོ་བེལ་ཞི་བདེའི་བསྟོད་དབྱངས་ཕུལ་གྲུབ་བསྟུན་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་ཀྱིས་བཀའ་ཤག་དང་བོད་མི་སྤྱི་འཐུས་ལྷ་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་བ་དང་ཆབས་ཅིག དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་མ་ཟད། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཡང་གསུང་བཤད་གནང་ཡོད།
དེ་རྗེས་ས་གནས་ཉིན་སློབ་དགེ་ཆེ་ལགས་ཀྱི་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་། དེ་རྗེས་ཕྱི་ལོ་ ༢༠༡༢ ལོའི་ས་གནས་ཉིན་སློབ་ཀྱི་སློབ་ཕྲུག་རྩེ་ཕུད་གཉིས་ལ་ཕྱག་འཁྱེར་དང་མཇལ་དར་གནང་སྒྲུབ་གནང་ཡོད། ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བརྟེན་འདི་ལོ་གཞས་སྣ་འཁྲབ་སྟོན་སོགས་མ་དགོས་པར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་ལུས་མེར་སྲེག་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་དང་རྒྱ་ནག་གི་བཙོན་ཁང་ནང་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་རྒྱལ་གཅེས་པ་རྣམས་གང་མྱུར་གློད་བཀྲོལ་ཡོང་ཆེད་མཛད་སྒོ་གྲོལ་རྗེས་མི་མང་ཚང་མས་ཆུ་ཚོད་ ༢ ཙམ་རིང་སྨོན་ལམ་དང་མ་ཎི་གསོག་བསྒྲུབས་གནང་ཏེ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་རྩིས་དྲུང་་ལགས་ནས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ། དེ་བཞིན་དེ་ཉིན་དགོང་དྲོ་ཆུ་ཚོད་ ༤ ནས་ ༦ བར་གཞིས་གྲོང་ནང་གནདཡོད་ཁག་དང་མི་མང་འདུ་འཛོམས་ཀྱིས་མར་མེ་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཐུབ་པ་བྱུང་ཡོད་པ་བཅས།།