༢༠༡༢ ཟླ་ ༡༢ ཚེས་ ༣༠ རེས་གཟའ་སྤེན་པ།
༄༅། །ཇར་མན་གཞུང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པས་རྒྱ་ནག་གཞུང་ལ་བོད་ཐོག་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་འགྱུར་བ་བཏང་སྟེ་བོད་ནང་རྒྱལ་སྤྱིའི་རྟོགས་ཞིབ་ཚོགས་པའི་སྐུ་ཚབ་འཐུས་མི་བཏང་སྟེ་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ཇི་ཡིན་དངོས་ཡོད་གནས་ཚུལ་རྟོགས་ཞིབ་བྱེད་དགོས་པའི་རེ་འདུན་བཏོན་ཡོད། དེ་ཡང་ཚན་པ་དེས་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༡ ཉིན་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། ཉིན་ཤས་གོང་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་གསར་པ་འཕོ་འགྱུར་ཕྱིན་ཡོད། རྒྱ་ནག་གི་སྲིད་འཛིན་ནས་རྒས་ཡོལ་དུ་འགྲོ་མཁན་སྐུ་ཞབས་ཧུ་ཅིན་ཐ་འོས་རྒྱ་ནག་ནང་དཔལ་འབྱོར་ཡར་རྒྱས་ཤུགས་ཆེའི་འོག་རྒྱལ་ཁབ་ནང་དབུལ་ཕྱུག་བར་གྱི་ཁྱད་པར་ཧ་ཅང་ཆེ་བའི་སྤྱི་ཚོགས་ཀྱི་དཀའ་ངལ་ཆེ་ཤོས་འཕྲད་བཞིན་པ་དེ་ད་ཆ་ཇེ་ཉུང་དུ་ཕྱིན་ཡོད་ཀྱང་དེང་སྐབས་ལྐོག་ཟ་རུལ་སུངས་དང་ཆབ་སྲིད་དབང་ཆ་སྒེར་སྤྱོད་བྱ་རྒྱུའི་དཀའ་ངལ་འཕྲད་བཞིན་པ་དེ་དག་ལ་བརྟེན་རྒྱ་ནག་ནང་བཅོས་འགྱུར་གཏོང་དགོས་པ་ངོས་ལེན་བྱས་ཡོད། རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་མིན་ཐད་ཚོད་དཔག་བྱ་རྒྱུའི་གནད་དོན་ནི་རྒྱ་ནག་ནང་ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པ་འཛིན་མཁན་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་རྣམས་ལ་དམ་བསྒྲགས་ཉུང་དུ་གཏོང་མིན་དང་། དེ་བཞིན་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ལ་འཛིན་བཞིན་པའི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་མིན་ནས་ཚོད་དཔག་བྱེད་ཐུབ།
ངས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་ལྕམ་སྐུ་ན་ཝི་པིལ་ལེ་མཆོག་གིས་བོད་ནང་དུ་བོད་མིས་རང་ལུས་མེར་སྲེག་གཏོང་བཞིན་པའི་ཛ་དྲག་གི་སྟངས་ཐེར་འདོན་གནང་བ་དེར་རྒྱབ་སྐྱོར་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གིས་བོད་ནང་དུ་རྒྱལ་སྤྱིའི་རྟོགས་ཞིབ་ཚོགས་པ་བཏང་སྟེ་བོད་མིའི་ཐོག་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེར་གུ་ཡངས་བཏང་སྟེ་ཛ་དྲག་གི་གནས་སྟངས་ཞི་འཇམ་བཏང་ཐུབ་པ་ཡིན་ན། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་བཏང་བར་ངོས་འཛིན་ཐུབ་རྒྱུ་ཡིན། ཞེས་འཁོད་པ་མ་ཟད། ཇར་མན་གཞུང་གིས་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༣ ནས་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༢ བར་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོའི་ནང་ཇར་མན་གཞུང་གིས་བོད་དང་ཤིང་ཅང་ Xinjiang ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སེམས་ཚབ་བྱེད་དགོས་པ་ཞིག་ཆགས་ཡོད་པ་མ་ཟད། ས་གནས་དེ་གཉིས་ནང་གི་ཆོས་དད་རང་དབང་དང་འདུ་འཛོམས་ཀྱི་རང་དབང་ཐོག་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་བཞིན་པ་དེ་དག་ནི་རྒྱ་ནག་གི་ས་ཁུལ་གཞན་ལས་ཧ་ཅང་ཤུགས་ཆེ་བ་ཡོད་སྐོར་འཁོད་ཡོད། ཕྱོགས་མཚུངས་ཚན་པའི་བསྒྲགས་གཏམ་ནང་མུ་མཐུད་འཁོད་དོན། རྒྱ་ནག་གཞུང་གིས་རང་སྲིད་རང་སྐྱོང་ངམ་རང་བཙན་ལས་འགུལ་ལ་དངོས་ཤུགས་གང་རུང་ནས་རྒྱབ་སྐྱོར་བྱེད་མཁན་རྣམས་ལ་དམ་བསྒྲགས་ཧ་ཅང་བྱས་དང་བྱེད་མུས་ཡིན། ལྷག་པར་ཀིརྟི་དགོན་པར་དགེ་འདུན་པ་དང་བཙུན་མ་གཞོན་སྐྱེས་ཚོས་རང་ལུས་མེར་སྲེག་བཏང་བ་དེས་རྒྱ་ནག་གཞུང་གིས་དགོན་པ་དེར་དམ་བསྒྲགས་ཧ་ཅང་བྱེད་བཞིན་པ་དེར་འུ་ཐུག་ཐབས་ཟད་ཆགས་པའི་རྣམ་འགྱུར་བཏོན་པ་ཞིག་ཆགས་ཡོད། ཅེས་སོགས་འཁོད་ཡོད་པ་བཅས།།