༢༠༡༢ ཟླ་ ༡༢ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་བརྟེན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༣༠ ཉིན་བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་ཞང་གཟའ་རུ་སྟོད་མའི་རུ་སར་ཁ་བའི་ཕུན་ཚོགས་ཚང་གི་རང་ལོ་ ༢༩ ལ་སོན་པའི་བུ་དཀོན་མཆོག་སྐྱབས་ལགས་དང། ཕྱི་ཟླ་ ༡༢ ཚེས་ ༢ ཉིན་རྒྱབ་བོད་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་བསང་ཆུ་རྫོང་འབོ་ར་ཡུལ་ཚོ། བརྡར་མདོ་སྡེ་བའི་སྟག་མགོ་ཚང་གི་བུ་གཟུངས་འདུས་སྐྱབས་ལགས། ཕྱི་ཟླ་ ༡༢ ཚེས་ ༣ ཉིན་མགོ་ལོག་པདྨ་རྫོང་སེ་ལེ་ཐང་ཡུལ་ཚོའི་པད་ནག་དགོན་ཀ་དག་སྤྲོས་བྲལ་གླིང་གི་དགེ་འདུན་པ་རང་ལོ་ ༢༩ ལ་སོན་པ་བློ་བཟང་དགེ་འདུན་ལགས་བཅས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུན་ཐོན་སྟབས།
བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༥ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག སྤྱིར་རྒྱལ་གཅེས་པ་ཁོང་རྣམ་པས་གཙོས་ད་བར་བོད་བསྟན་སྲིད་དང་མི་རིགས། རང་དབང་གི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་གྱི་གཞིས་བཞུགས་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་ལ་གཞུང་ཕྱོགས་ནས་གདུང་སེམས་མཉམ་སྐྱེའི་མྱ་ངན་རྗེས་དྲན་ཞུ་སླད། གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ པ་ནས་ལས་ཁུངས་ཁག་སྒོ་བརྒྱབ་སྟེ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་བརྒྱ་ཚར་འབུལ་ཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་།
བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། གཞན་ཡང་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་དགེ་བཙུན་སྔགས་གསུམ། དེ་བཞིན་མི་མང་དང་སློབ་ཕྲུག ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་མུར་རྣམ་གྲྭའི་དགེ་བསྐོས་ནས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྒྲོགས་སྦྱང་གནང་། དེ་ནས་སྲིད་སྐྱོང་མཆོག་གིས་མཆོད་འབུལ་སྨོན་ལམ་དང་འབྲེལ་བའི་གསུང་བཤད་གནང་རྗེས་ཕྱི་དྲོ་ཆུ་ཚོད་ ༥ བར་སྨོན་ལམ་གསུང་འདོན་གནང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༥༠ རེར་ཕུལ་ཡོད་པ་བཅས། །