༢༠༡༢ ཟླ་ ༡༢ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༨ རེས་གཟའ་སྤེན་པ་ཉིན་དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༤ ཡས་མས་ལ། མདོ་སྨད་ཀླུ་ཚུ་རྫོང་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན། ཆོས་འཁོར་སྡེ་བའི་རང་ལོ་ ༢༣ ཡིན་པའི་རྒྱལ་གཅེས་པ་པདྨ་རྡོ་རྗེ་ལགས་ཀྱིས། མདོ་སྨད་ཀླུ་ཆུའི་ཤིས་ཚང་དགོན་པའི་འདུ་ཁང་མདུན་ཐང་དུ། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། བོད་ཀྱི་ས་ཆ་བོད་མིས་བདག་པོ་རྒྱག་དགོས། སོགས་ཀྱི་སྐད་འབོད་གནང་བཞིན་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག ཁོ་རང་ངོ་རྟགས་ཆོད་སླད། ཁོང་གི་འདྲ་པར་ཞིག་དང་ཐོབ་ཐང་ལག་འཁྱེར་གཉིས་འཕྲུལ་རྟའི་སྟེང་དུ་བཞག་ཡོད་འདུག
རྒྱལ་གཅེས་པ་པདྨ་རྡོ་རྗེ་ལགས་ཀྱི་ཕའི་མིང་ལ་ཨོ་རྒྱན་སྐྱབས་དང་། མའི་མིང་ལ་ཚེ་གཟུངས་མཚོ་ཞུག་གི་ཡོད་འདུག ཁོང་ཅག་གི་འཚོ་ཐབས་ནི་ཞིང་པ་ཡིན་འདུག