༢༠༡༢ ཟླ་ ༡༢ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་མན་ཇུ་ཀ་ཊི་ལར་ (Majnukatilla) རྟེན་གཞི་བྱས་པའི་བོད་སྒར་བསམ་ཡས་གླིང་དང་ལ་དྭགས་རྡ་རམ་ས་ལ་( Ladakh Buddhist Vihara) བཅས་བོད་མི་གནས་སྡོད་བྱེད་སའི་གཞིས་སྒར་བཙུགས་ཏེ་ལོ་ངོ་ ༥༠ འཁོར་བའི་ཉིན་མོ་བོད་ཁྱིམ་ཉིན་སློབ་ནང་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་བོད་སྒར་བསམ་ཡས་གླིང་དུ་རྟེན་གཞི་བྱས་པའི་བོད་ཁྱིམ་ཉིན་སློབ་ཏུ་ཐོག་མར་བོད་སྒར་བསམ་ཡས་གླིང་ས་གནས་འགོ་འཛིན་ལེགས་སྐྱེས་རྡོ་རྗེ་ལགས་ཀྱིས་༸གོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་ལས་བསྡོམས་སྙན་སྒྲོན་ཞུས།
དེ་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་གྲུབ་བསྟུན། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ལྡི་ལི་མངའ་སྡེའི་བློན་ཆེན་ཤི་ལ་དིག་ཤི་ཏི་(Sheila Dixit) མཆོག་གིས་གཙོས་རྒྱ་གར་གྱི་གནད་ཡོད་མི་སྣ་གཞན་རྣམས་ལ་བོད་སྒར་བསམ་ཡས་གླིང་དེ་བཞིན་ཁྲིམས་མཐུན་གཏན་འཇགས་བཟོ་རྒྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་སྒོར་ཕེབས་པའི་རྒྱ་གར་གྱི་གནད་ཡོད་མི་སྣ་རྣམ་པར་བོད་སྒར་འདི་བཞིན་ཁྲིམས་མཐུན་གཏན་འཇགས་བཟོ་བའི་དྲན་རྟེན་དུ་སྟོན་པའི་སྐུ་བརྙན་རེ་གསོལ་རས་སྩལ། ཐེངས་འདིའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་པར་ལ་དི་སིངྒ་སོ་ནེ་(Shri Pralhad Singh Sawhney) མཆོག་གིས་གཙོས་གྲངས་ཉུང་མི་རིགས་ཚོགས་ཆུང་གི་ཚོགས་གཙོ་ཝ་ཇ་ཧ་དི་ཧ་བྷིབ་ཨུ་ལ་ (Mr Wajahad Habibullah) ལགས་དང། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་བཅས་ཕེབས་ཡོད། སྤྱིར་བོད་སྒར་བསམ་ཡས་གླིང་ནི་ཕྱི་ལོ་ ༡༩༦༣ ལོར་གསར་འཛུགས་བྱུང་ཡོད་པ་དང། བསམ་ཡང་གླིང་ཞེས་པའི་གཞིས་ཆགས་ཀྱི་མིང་ནི་༸གོང་ས་མཆོག་གིས་གསོལ་རས་སྩལ་བ་ཞིག་ཡིན། ཉེ་ཆར་ལྡི་ལིའི་མངའ་སྡེའི་བློན་ཆེན་ལྕམ་སྐུ་ཤི་ལ་དིག་ཤི་ཏི་མཆོག་གིས་གཞིས་སྒར་འདི་བཞིན་ཁྲིམས་མཐུན་གཏན་འཇགས་ཆགས་རྗེས་( New Aruna nagar) ཞེས་མིང་རྟགས་ཡོད་པ་བཅས།།