༢༠༡༢ ཟླ་ ༡༢ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །འདི་གར་ཅོན་ཏ་ར་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ ཉིན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་དང༌། འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་སྟབས་བསྟུུན་སྦིར་ཁུལ་སྦིར་དང༌། ཅོན་ཏ་ར་གནས་འཁོད་བོད་རིགས་ཡོངས་ནས་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས་ཡོད།
དེ་ཡང་སྦིར་རྙིང་མ་དཔལ་ཡུལ་ཆོས་འཁོར་གླིང་དགོན་པར་སྐྱབས་རྗེ་མཆོག་སྤྲུལ་རི་མགོ་སྤྲུལ་མཆོག་དང༌། རྫོང་སར་བཤད་གྲྭའི་མཁན་ཆེན་འཇམ་དབྱངས་བློ་གསལ་མཆོག་དབུ་བཞུགས་ཐོག་སྦིར་ཁུལ་དཔལ་སྤུངས་ཤེས་རབ་གླིང༌། དཔལ་ཡུལ་ཆོས་འཁོར་གླིང༌། པདྨའི་ཨེ་ཝམ་འགྱུར་མེད་གླིང༌། འབྲི་རུ་དགོན་པ། ཅོན་ཏ་ར་ཁུལ་དཔལ་རྫོང་སར་བཤད་གྲྭ། བུམ་མང་དགོན་པ། རྫ་བཟང་ཆོས་འཁོར་གླིང་བཅས་ཀྱི་མཁན་བླ་སྤྲུལ་རྣམ་པ་དང༌། དགེ་འདུན་པ་རྣམ་པ། དཔལ་ལྡན་བོད་མི་མང་སྤྱི་འཐུས་མཁན་པོ་ནོར་བུ་ཚེ་རིང་ལགས། བོད་མི་མང་སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་ལགས། ས་གནས་གྲོས་ཚོགས་འཐུས་མི་རྣམ་པ། ས་གནས་འགོ་འཛིན་རྣམ་པ། སློབ་གྲྭའི་སློབ་སྤྱི་རྣམ་པ། རང་བདེན་ཚོགས་ཆུང་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ཚོགས་མི་རྣམ་པ། སུ་ཇ་བོད་ཁྱིམ། ཅོན་ཏ་ར་བོད་ཁྱིམ། ཅོན་ཏ་ར་སམ་བྷོ་ཊ་སློབ་གྲྭ། སྦིར་སམ་བྷོ་ཊ་ཉིན་སློབ་བཅས་ཀྱི་དགེ་ལས་སློབ་ཕྲུག་དང༌། ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ། སྦིར་དང་ཅོན་ཏ་ར་ཁུལ་གནས་སྡོད་བོད་རིགས་བཅས་ཁྱོན་མི་གྲངས་ ༢༠༠༠ ཙམ་འདུ་འཛོམས་ཀྱིས་ཉིན་རྒྱབ་ཚོུད་ ༠༢།༠༠ ཐོག་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་ཡོད། དེ་ནས་སྦིར་ནང་ཆེན་ཅོན་ཏ་ར་ས་གནས་འགོ་འཛིན་གྱིས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་གྲུབ་མཚམས།བོད་མི་མང་སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་ལགས་ཀྱིས་གྲོས་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་བ་དང་ཆབས་ཅིག དུས་དྲན་དང་འབྲེལ་བའི་ཐོག་གསུང་བཤད་ཀྱང་གནང༌ཡོད།
དེ་ནས་ཕྱི་དྲོ་ཆུ་ཚོད་ ༠༥།༠༠ ཐོག་བོད་ནང་བོད་བསྟན་སྲིད་མོ་རིགས་ཀྱི་དོན་དུ་རང་ལུས་མེར་སྲེག་གཏོང་གནང་མཁན་རྣམས་ཀྱི་ཆེད་མྱ་ངན་ངག་བཅད་སྐར་མ་གཉིས་གནང་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང། དེ་རྗེས་སྦིར་བོད་ཚོགས་ས་གནས་འགོ་འཛིན་ཚེ་རིང་ལྷ་མོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། སྨོན་ལམ་མཆོད་འབུལ་སྐབས་མཆོད་མེ་སྟོང་མཆོད། གསོལ་ཇ་ཞལ་ཏོག མར་མེ། བཞུགས་གདན། རྒྱང་བསྒྲགས། སྡོད་གུར། བཞུགས་གདན་བཅས་དགོན་པ་ནས་མཐུན་འགྱུར་གནང་ཡོད་པ་དང༌། དགོན་པ། སློབ་གྲྭ། མང་ཚོགས་བཅས་ནས་ཞལ་འདེབས་འབུལ་མཁན་བྱུང་ཡོད། དེ་ནས་ཕྱི་དྲོ་ཚོུད་ ༠༥།༣༠ ཐོག་སྦིར་རྙིང་མ་དཔལ་ཡུལ་ཆོས་འཁོར་གླིང་དགོན་ནས་སྦིར་ཁྲོམ་གཞུང་བར་མར་མེ་ཁྲོམ་སྐོར་གོ་སྒྲིག་ཞུས་སྐབས་དགེ་འདུན་པ། སློབ་ཕྲུག ཕྱི་རྒྱལ་བ། མི་མང་བཅས་ནས་མཉམ་ཞུགས་གནང་ཡོད་པ་བཅས།།