༢༠༡༢ ཟླ་ ༡༢ ཚེས་ ༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༧ ཉིན་སྔ་དྲོ་ ༨།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་༸རྒྱལ་བའི་ཕོ་བྲང་ནས་བློ་གསལ་གླིང་གཙུག་ཁང་དུ་ཆིབས་སྒྱུར་སྐབས་མཆོག་སྤྲུལ་གླིང་རིན་པོ་ཆེའི་སྐུ་ཚབ་དང་། དགའ་ལྡན་ཤར་རྩེའི་མཁན་པོ་བྱང་ཆུབ་ཆོས་ལྡན་མཆོག སེར་བྱེས་བཟོད་པ་རིན་པོ་ཆེ་མཆོག་བཅས་ཀྱི་སྤྱན་རྒྱ་སྤོས་སྣེས་སྔོན་བསུས་ཏེ་ཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན་ལམ་རིམ་བླ་མ་རྒྱུད་པའི་གསོལ་འདེབས་ཁག་གསུང་འདོན་གྲུབ་མཚམས་བཟོད་པ་རིན་པོ་ཆེ་མཆོག་དང་སྐུ་འཁོར་རྣམ་པས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན།
ངོས་ཀྱི་ཆོས་སྲིད་གཉིས་ཀྱི་འགན་འཁྱེར་རྒྱུ་བཞག་སྟེ་ཆོས་ཕྱོགས་རྐྱང་པའི་འགན་འཁྱེར་རྒྱུ་ཞིག་རེད། དེར་བརྟེན་༸རྒྱལ་བ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ། གསུམ་པ་བསོད་ནམས་རྒྱ་མཚོ། བཞི་པ་ཡོན་ཏན་རྒྱ་མཚོ། དེ་བཞིན་༸གོང་ས་ལྔ་པ་ཆེན་པོའི་སྐུ་ཚེའི་སྟོད་བར་ལུགས་གཉིས་ཀྱི་ཐུགས་འགན་མ་བཞེས་བར་དུ་འབྲས་སྤུངས་ཀྱི་བླ་མ་བྱས་ཏེ་བཞུགས་པ་རེད། ༸གོང་ས་ལྔ་པ་ཆེན་པོའི་སྐབས་ནས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་། གང་ལྟར་སྐུ་ཕྲེང་བཅུ་བཞི་པ་ཆུང་ཆུང་སྐབས་ནས་མང་གཙོའི་ལམ་དུ་འགྲོ་རྒྱུ་དེར་མ་གཞི་མཇུག་ལ་སྐད་ཆ་ཡོང་གི་རེད། ངོས་ཀྱིས་ད་ཆ་དང་དུ་བླང་སྟེ་དགའ་ཞིང་སྤྲོ་ཞིང་སྤོབས་པའི་ཐོག་ནས་ལོ་བཞི་བརྒྱ་མ་ཟིན་ཙམ་ཕྱིན་པའི་དགའ་ལྡན་ཕོ་བྲང་གི་ལུགས་གཉིས་ཀྱི་འགན་འཁྱེར་རྒྱུ་མཚམས་འཇོག་བྱས་པ་ཡིན།
ངོས་ཡང་ཚེ་སྨད་དེ་༸རྒྱལ་དབང་སྐུ་ཕྲེང་དང་པོ། གཉིས་པ། གསུམ་པ། བཞི་པ་དེ་དག་གི་འབྲས་སྤུངས་ཀྱི་བླ་མ་བྱས་ཏེ་སྐུ་ཕྲེང་དང་པོས་བཀྲིས་ལྷུན་པོ་ཕྱག་བཏབ། སྐུ་ཕྲེང་གཉིས་པ་ནས་བཟུང་འབྲས་སྤུངས་ཀྱི་བླ་མ་བྱས་ཏེ་ངོས་ཡང་འགྲོ་སྟངས་དེའི་སྟེང་ཕྱིན་པ་རེད། ངོས་ཀྱི་ལུགས་གཉིས་ལས་འགན་བཞག་ཏེ་དགའ་ལྡན་ཕོ་བྲང་འབྲས་སྤུངས་ཀྱི་བླ་མ་ཞིག་ཆགས་ནས་རྟེན་འབྲེལ་ཞིག་མིན་འགྲོ་དྲན་ཏེ་ཁ་སེང་ཐོག་མ་འབྲས་སྤུངས་ཚོགས་ཆེན་དུ་བཅར་བ་དེ་ལྟར་ཡིན། དེ་ནས་རྗེ་རིན་པོ་ཆེའི་གཏེར་ནས་བཞེས་པའི་ཆོས་དུང་དེ་ངོས་ཀྱི་ལམ་རིམ་འཆད་ཉན་བྱེད་རིང་ས་ཆ་སོ་སོར་འབྲས་སྤུངས་མཁན་པོ་ཁྲི་པས་བསྣམས་ཕེབས་རོགས་ཞུས་ཏེ་ཆོས་དུང་འདིར་རྟེན་ལ་བཞུགས་ནས་ཡོད་པ་དེ་ལྟར་ཡིན། སོགས་བཀའ་སློབ་སྩལ་གནང་མཛད་རྗེས་ཆོས་འབྲེལ་དབུ་འཛུགས་བསྐྱངས།
དེ་བཞིན་ཕྱི་ཚེས་ ༩ ཉིན་ལམ་རིམ་ཁྲིད་ཆེན་ཁག་ཆ་ཚང་ཞུ་ཁོམ་མེད་པ་རྣམས་ལ་ཆེ་འབྲིང་ཆུང་གསུམ་རྣམས་བཀའ་ཁྲིད་མཛད་ཟིན་གྱི་ཡོད་འདུག་པ་དང་། ཕྱི་ཚེས་ ༡༠ ཉིན་སྔ་དྲོ་༸གོང་ས་མཆོག་དབུ་བཞུགས་ཐོག་ནོར་ཝེའི་ཞི་བདེའི་གཟེངས་རྟགས་དགྱེས་བཞེས་ཀྱི་དུས་དྲན་སྲུང་བརྩིའི་མཛད་སྒོར། ས་སྐྱ་ཆོས་སྒར་དང་མཐོ་ལྡིང་དགོན་དུ་ཆིབས་སྒྱུར་བསྐྱང་འཆར་དང་། ཕྱི་ཚེས་ ༡༣ ཉིན་འབྲས་སྤུངས་ཚོགས་ཆེན་དུ་བརྟན་བཞུགས་བསྟར་འབུལ་ཞུ་འཆར་ཡོད་མ་ཟད། ཕྱི་དྲོ་ས་གནས་ནས་ཆིབས་སྒྱུར་གྱིས་ཕྱི་ཚེས་ ༡༥ དང་ ༡༦ ལ་རྒྱ་གར་རྒྱལ་ས་ལྡི་ལིར་མཛད་འཆར་ཡོད་འདུག་བཅས།།